དཀར་མཛེས་རྫོང་དང་ཐའེ་ཀྲོའུ་གྲོང་ཁྱེར་ལུའུ་ཆའོ་ཆུས་གཉིས་ཀྱིས་སྲོལ་རྒྱུན་རིག་གནས་ཕུལ་བྱུང་སྤེལ་རེས་བྱས།

ཀུན་དགའ་བསམ་གཏན་གྱིས་བསྒྱུར།        2023-07-12

རིག་གནས་སྤེལ་རེས་ཇི་ཙམ་བྱས་ན་དེ་ཙམ་འཕེལ་རྒྱས་འགྲོ། ཉེ་ཆར།རང་ཁུལ་གྱི་དཀར་མཛེས་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་དང་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ལམ་ཟམ་ཆུས་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་དང་། དཀར་མཛེས་རྫོང་རིག་གནས་ཁང་དང་ལམ་ཟམ་ཆུས་རིག་གནས་ཁང་གིས་གཉེར་འགན་འཁུར་བའི་ཡུལ་སྐོར་འོས་སྦྱོར་དང་། གཟུགས་མེད་རིག་གནས་ཤུལ་བཞག་སྤེལ་རེས། རིག་གནས་སྐུལ་རེའི་བྱེད་སྒོ་དེ་དཀར་མཛེས་རྫོང་ནོར་བུ་གླིང་ཐང་ཆེན་དུ་གཉེར་བ་ཡོད།

ད་ཐེངས་ཀྱི་རིག་གནས་སྤེལ་རེས་བྱེད་སྒོ་དེ་ལམ་ཟམ་ཁུལ་གྱི་ཡུལ་སྐོར་དྲིལ་བསྒྲགས་བརྙན་རིས་ནང་ནས་སྤེལ་འགོ་ཚུགས་ཡོད། དཀར་མཛེས་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་དང་ལམ་ཟམ་ཁུལ་གྱི་རིག་གནས་རྒྱང་སྒྲོག་་བརྙན་འཕྲིན་ཡུལ་སྐོར་ལུས་རྩལ་ཅུས་ཀྱི་འགན་འཁུར་བས་ཤིས་ཚིག་བརྗོད་སྐབས་ས་གནས་གཉིས་པོའི་རིག་གནས་དང་ཡུལ་སྐོར་འོས་སྦྱོར་སྤེལ་རེས་བྱས་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ལམ་ཟམ་ཆུས་ཀྱིས་བརྗོད་བྱ་ཕུན་སུམ་ཚོགས་པ་དང་།རྣམ་པ་སྣ་ཚོགས།ཁྱད་ཆོས་མངོན་གསལ་དོད་པའི་མཛེས་རྩལ་དང་།ཡིག་གཟུགས།པར་ལེན་བརྩམས་ཆོས་བཅས་དང་། གསོན་ཉམས་དོད་པའི་རི་མོ་དང་ཞིབ་ཅིང་ཕྲ་བའི་པར་རིས་འགྲེམས་སྟོན་བྱས་ནས་རྩོམ་པ་པོས་དུས་རབས་ལ་བསམ་གཞིག་བྱེད་པ་དང་།སྒྱུ་རྩལ་ལ་བསམ་ཤེས་བྱེད་པ།འཚོ་བར་བཅངས་པའི་འདུན་པ་བཅས་གཅིག་ཏུ་བསྡུས་ནས་ལམ་ཟམ་ཆུས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་།སྤྱི་ཚོགས་ཀྱི་རིག་གནས་འདྲ་མིན་གྱི་མཛེས་ལྗོངས།དེང་རབས་གྲོང་ཁྱེར་གྱི་རྣམ་པ་དང་བདེ་སྐྱིད་འཚོ་བ་བཅས་གསོན་ཉམས་དོད་པའི་ངང་མངོན་པར་བྱས་ཡོད། གཞན་ཡང་ལམ་ཟམ་ཆུས་ཀྱི་བུད་མེད་ལག་རྩལ་མཁས་པའི་རས་སྦྱར་རི་མོ་སོགས་ལས་མང་ཚོགས་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། དཀར་མཛེས་རྫོང་གིས་ཀྱང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་རིགས་ཀྱི་འབག་དང་།སྤོས།ཀོ་བྲིས་རི་མོ།བོད་ཡིག་ཡིག་གཟུགས་སོགས་གཟུགས་མེད་རིག་གནས་ཤུལ་བཞག་བརྩམས་ཆོས་འགྲེམས་སྟོན་བྱས་ཡོད། གཟུགས་མེད་རིག་གནས་ཤུལ་བཞག་བརྩམས་ཆོས་འགྲེམས་སྟོན་དང་ཡུལ་དངོས་ལས་དོན་མི་སྣའི་འགྲེལ་བཤད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མང་ཚོགས་ལ་དཀར་མཛེས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་གཟུགས་བརྙན་འགྲེམས་སྟོན་བྱས་ཏེ་བར་ཐག་ཉེ་ས་ནས་ལྟ་སྐོར་དང་མྱོང་རོལ་ཐུབ་ཡོད།

བྱེད་སྒོ་སྤེལ་རིང་ད་དུང་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་ཞལ་འདེབས་འབུལ་བའི་མཛད་སྒོ་སྤེལ་ཡོད།

ད་ཐེངས་ཀྱི་རིག་གནས་སྐུལ་རེས་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཕྱིར་སྐྱོད་ནང་འདྲེན་གྱི་བྱེད་ཐབས་བརྒྱུད་དེ་དཀར་མཛེས་རྫོང་དང་ལམ་ཟམ་ཆུས་ས་ཁོངས་ལས་བརྒལ་བའི་རིག་གནས་སྤེལ་རེས་དང་སྐུལ་རེས་བྱས་ནས་ས་ཁུལ་གཉིས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དེ་བས་གཏིང་ཟབ་དང་རྒྱང་རིང་དུ་བརྒྱུད་བསྒྲགས་བྱས་ཏེ་ས་ཁུལ་གཉིས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ལ་གསོན་ཤུགས་གསར་པ་འཕེལ་བར་བྱ་རྒྱུ་དེ་རེད།།


  • ལེ་ཚན་སྔོན་མ།:ཐང་ག་ཆེན་པོ《གསར་བརྗེའི་གཟི་འོད་གངས་ལྗོངས་ཡུལ་ལ་འཕྲོས》ཞེས་པའི་བརྩམས་ཆོས་འགྲེམས་སྟོན་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།