ཞི་ཅིན་ཕིང་གིས་ཤར་རྒྱུད་འཐབ་ཁུལ་ལས་ཁུངས་ལ་གཟིགས་ཞིབ་གནང་།

    མི་དམངས་ཉིན་རེའི་ཚགས་པར།    2023-07-11

ཞི་ཅིན་ཕིང་གིས་ཤར་རྒྱུད་འཐབ་ཁུལ་ལས་ཁུངས་ལ་གཟིགས་ཞིབ་གནང་སྐབས་ནན་བཤད་གནང་དོན། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་གཞི་རྩར་བཟུང་ནས་འཐབ་ཁུལ་འཛུཊ་སྐྱོང་དང་དམག་གྲབས་དམག་རྒྱག་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

ཞི་ཅིན་ཕིང་གིས་ཤར་རྒྱུད་འཐབ་ཁུལ་ལས་ཁུངས་ལ་གཟིགས་ཞིབ་གནང་།

        ཟླ7ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤར་རྒྱུད་འཐབ་ཁུལ་ལས་ཁུངས་སུ་གཟིགས་ཞིབ་གནང་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ཤར་རྒྱུད་འཐབ་ཁུལ་གྱི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།

        ཤིན་ཧྭ་གསར་འགྱུར་ཁང་ནན་ཅིང་ནས་ཟླ7ཚེས6ཉིན་གློག་འཕྲིན་འབྱོར་གསལ། ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤར་རྒྱུད་འཐབ་ཁུལ་ལས་ཁུངས་སུ་གཟིགས་ཞིབ་གནང་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ། ཤར་རྒྱུད་འཐབ་ཁུལ་གྱི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་གཞི་རྩར་བཟུང་བ་བཅས་བྱས་ཏེ། འཐབ་ཁུལ་འཛུགས་སྐྱོང་དང་དམག་གྲབས་དམག་རྒྱག་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

        ཕྱི་དྲོའི་ཆུ་ཚོད3དང་སྐར་མ15ཙམ་ལ། ཞི་ཅིན་ཕིང་ཤར་རྒྱུད་འཐབ་ཁུལ་ལས་ཁུངས་སུ་ཕེབས་པ་དང་། སྤྲོ་སེམས་འཁོལ་བའི་དགའ་བསུའི་ཁྲོད་ཤར་རྒྱུད་འཐབ་ཁུལ་གྱི་དཔོན་དམག་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་དང་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

        ཞི་ཅིན་ཕིང་གིས་ཤར་རྒྱུད་འཐབ་ཁུལ་བཙུགས་ཚུན་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆའི་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་འཛམ་གླིང་ལ་ཟང་ཟིང་དང་འགྱུར་ལྡོག་གསར་པ་བྱུང་བའི་དུས་སུ་སླེབས་པས། རང་རྒྱལ་གྱི་བདེ་འཇགས་དུས་བབ་ལ་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་འགྲོ་བཞིན་ཡོད། དེ་ཕྱིར་དུས་དང་རྣམ་པ་ཀུན་ཏུ་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་འཆང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་འཐབ་ཁུལ་གྱི་གཡུལ་ས་གཙོ་བོའི་འགན་ནུས་འདོན་སྤེལ་ཡག་པོ་བྱེད་དགོས། དམག་འཁྲུག་དང་དམག་འཐབ་ཀྱི་གྲབས་གཤོམ་གཏིང་ཟབ་ཏུ་གཏོང་བ་དང་། འཐབ་ཁུལ་གྱི་མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་མ་ལག་སྟོབས་ཆེར་གཏོང་བ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཤུགས་ཆེན་བཅས་བྱས་ནས་རྒྱལ་ཁ་ལེན་པའི་འཇོན་ཐང་གང་མགྱོགས་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་མཐོ་ཚད་ནས་དམག་དོན་གྱི་གནད་དོན་ལ་བསམ་གཞིག་དང་ཐག་གཅོད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང“དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་བྱས་རྗེས་འཇོག་པའི”སློབ་གསོ་ལག་ལེན་བྱེད་སྒོར་དམ་འཛིན་ཡག་པོ་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་སྲོང་བ་དང་། སྒྲིག་ཁྲིམས་ནན་གཏོང་། རུལ་སུངས་ལ་ངོ་རྒོལ་བཅས་བྱེད་པ། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ཏག་ཏིག་ངང་ཡག་པོ་སྒྲུབ་པ། འཐབ་ཁུལ་ཏང་ཨུད་འགོ་ཁྲིད་ཀྱི་དམག་གྲབས་དམག་རྒྱག་གི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱེད་དགོས།

        ཀྲང་ཡིའུ་ཞ་སོགས་བྱེད་སྒོར་ཞུགས་ཡོད།



  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་ནུས་རྒྱུ་གཙང་མའི་གྲུབ་ཆ་སྣ་མང་གསབ་རེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།