སྐྱིད་སྡུག་མཉམ་འདེགས།

སྟག་རིག་འབྲུག་ཐར།        2023-07-13

ཚེ་ནི་ཡུན་ཐུང་དུས་ངན་སྙིགས་མ་ལ།།

ལས་ཀྱིས་འདྲིས་པའི་ཉེ་དུ་བཟའ་ཟླ་དག།

སེམས་པའི་རྒྱབ་རྟེན་འཁོར་བའི་ཞེན་ཐག་ཡིན།།

སྐྱིད་སྡུག་གང་བྱུང་ཁུར་ཆེན་མཉམ་འདེགས་གྱིས།།

ཤོ་མིག་གྲུ་བཞིར་ཞེན་པའི་འདོད་ཧམ་དོང་།།

ཟུར་བསྟེན་ཆུང་མ་བཙལ་བའི་ལོག་གཡེམ་ལྐོག།

ཞོ་ལྟར་ཆགས་པའི་གཡང་ཁྱིམ་གོར་མོ་ཉིད།།

འགོང་བོ་ལག་གཟེད་འབྱུང་བའི་སྔ་ལྟས་སོ།།

ཞེ་སྡང་སྦྲུལ་ནག་འཁྱུག་པའི་གདུག་རྩུབ་མཚོན།།

ཉམ་ཆུང་གྲོག་མའི་ཚུལ་འཛིན་དྲག་གནོན་སྦྱོར།།

རྡོ་རྗེ་མདུད་པའི་མི་འགྱུར་བརྩེ་དུང་མཆོག།

ཉམ་ཆག་གས་ཁ་ཤོར་བའི་སྔ་ལྟས་སོ།།

འཁྲུལ་སྣང་སྟོང་བསམ་འཆང་བའི་སྐྱིད་འདོད་བློ།།

ལས་ཀར་འབད་ལ་ཕྱི་བཤོལ་གྲོགས་སུ་བསྟེན།།

སྟོང་གཏམ་སྒྱིད་ལུག་གོམས་པའི་གསོར་སྣང་ཅན།།

དབུལ་ཕོངས་ཞྭ་མོ་གོན་པའི་སྔ་ལྟས་སོ།།

རྔུལ་ཆུས་བྲན་རུང་ཉམས་མེད་བརྩོན་འགྲུས་རྩོམ།།

མི་འདུག་ཇུས་གཞིར་སྙེག་པའི་དཀའ་སྡུག་ཐེག།

གྲོན་ཆུང་བརྩོན་བསྲི་གོམས་པའི་དཔེ་བཟང་སྲོལ།།

ཕྱུག་པོ་གཡང་ཁྱིམ་ཚང་གི་འགོ་ལྟས་སོ།།

འོ་ཆུ་གཅིག་འདྲེས་དུང་བརྩེ་ཡ་མི་བྲལ།།

སྐྱིད་སྡུག་ལ་མོ་མཉམ་འདུར་དཔུང་པ་དམ།།

འཆམ་མཐུན་མཛའ་བརྩེ་རྡོ་རྗེ་བྲག་ལས་བརྟན།།

འགྲིག་མཐུན་ཁྱོ་ཤུག་སྔོན་བསགས་ལས་ཀྱི་འབྲས།།

སྡང་སྡིག་ཆེ་ཡང་བཟོད་བསྲན་ཁོག་རྒྱ་ཡངས།།

ཁ་མཆུས་ཁ་སེམས་དཀྲུགས་ཀྱང་གུ་ཡངས་ཕོད།།

བབས་ཆགས་ཁྱིམ་གཞིས་དྲོན་མོའི་བདེ་སྐྱིད་ལ།།

བཀུར་བྱམས་གུས་བརྩི་སེམས་དཔང་བླ་ལྷག་ཆེ།།

དབུལ་ཕྱུག་བསྣོལ་མར་བསྡེབས་པའི་འཇིག་རྟེན་དུ།།

ཁྱིམ་དང་ནང་མིར་ལྷག་བསམ་དཀར་པོ་གྱིས།།

བྱམས་དང་བརྩེ་བས་མཐུན་སྒྲིལ་རི་མོ་བྲིས།།

སྦྲང་རྩིའི་འཚོ་བར་གཡང་དང་ལེགས་ཚོགས་འཕེལ།།



  • ལེ་ཚན་སྔོན་མ།:དབྱངས་ཀྱི་མཛེས་ལྗོངས།
  • ལེ་ཚན་རྗེས་མ།:ཡ་མཚན་པའི་དོན་དངོས།