ཞི་ཅིན་ཕིང་གིས་ཁེ་ལས་པའི་དབུ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཨོ་རྒྱན་གྱིས་བསྒྱུར།        2023-11-16

     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས14ཉིན2023ལོའི་ངོགས་གཉིས་ཀྱི་ཁེ་ལས་པའི་དབུ་ཚོགས་འཚོགས་ནས་ལོ10འཁོར་བའི་ལོ་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་བ་རེད།

     ཞི་ཅིན་ཕིང་གིས་བསྟན་དོན། ངོགས་གཉིས་ཀྱི་དཔལ་འབྱོར་དེ་ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་ཁོངས་སུ་གཏོགས་པ་དང་ངོགས་གཉིས་ཀྱི་སྤུན་ཟླ་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་རེད། ངོགས་གཉིས་ཀྱི་ཁེ་ལས་པའི་དབུ་ཚོགས་ནི་ངོགས་གཉིས་ཀྱི་ཁེ་ལས་དང་དེ་བཞིན་བཟོ་ཚོང་ལས་རིགས་ཀྱི་མི་སྣའི་སྤེལ་རེས་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པས་ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། དབུ་ཚོགས་ཀྱིས་ངོགས་གཉིས་ཀྱི་ཁེ་ལས་དང་བཟོ་ཚོང་ལས་རིགས་ལ་མཐུན་སྒྲིལ་རྒྱ་ཁྱབ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། སྤུན་ཟླའི་བདེ་སྐྱིད་ཆེ་རུ་གཏོང་བ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་དེས་ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་བར་མཐོངས་རྒྱ་ཆེན་པོ་བཏོད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཐོག་འབད་འཐབ་བྱ་དགོས། ང་ཚོས་ངོགས་གཉིས་ཀྱི་དཔལ་འབྱོར་སྤེལ་རེས་དང་མཉམ་ལས་སྐུལ་འདེད་གཏོང་བར་མུ་མཐུད་གཞོལ་ནས་ངོགས་གཉིས་ཀྱི་ཁྱབ་ཁོངས་ཁག་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་དང་། ཐའེ་ཝན་སྤུན་ཟླར་བདེ་སྐྱིད་བསྐྲུན་པའི་ལམ་ལུགས་དང་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ་ཐའེ་ཝན་སྤུན་ཟླ་དང་ཐའེ་ཝན་ཁེ་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རོགས་རམ་བྱ་དགོས། ངོགས་གཉིས་ཀྱི་ཁེ་ལས་པས་མི་རིགས་ཀྱི་བདེན་དོན་མཐའ་འཁྱོངས་དང་། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་དང་མཉམ་འདྲེས་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     2023ལོའི་ངོགས་གཉིས་ཀྱི་ཁེ་ལས་པའི་དབུ་ཚོགས་འཚོགས་ནས་ལོ10འཁོར་བའི་ལོ་ཚོགས་ཐོག“རྣམ་པ་གསར་པའི་ཁྲོད་མཉམ་འདྲེས་འཕེལ་རྒྱས་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ”ཞེས་པ་གཙོ་དོན་བྱས་ནས་ཚེས14ཉིན་ཅང་སུའུ་ནན་ཅིང་དུ་འཚོག་འགོ་བརྩམས་པ་རེད།
ཞི་ཅིན་ཕིང་གིས་ཁེ་ལས་པའི་དབུ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༦༡
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༦༣
  • དོ་སྣང་ཆེ་བའི་རྩོམ།