2023-11-14
རྫ་ཡུལ་རྫོང་ཞེད་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྨི་ཀུའུ་ལི·སྨི་ཞུང་ལ་བཅར་འདྲི་བྱས་པ།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧུའུ་ཝུན།
2023ལོའི་ཟླ་10ཚེས་4ནས་6ཉིན་བར་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་ཀྲུང་གོའི་བོད་ལྗོངས་ཀྱི་ཉིང་ཁྲིར་གཉེར་ནས། ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་བཏང་སྟེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་དང་མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་པ་རེད།
《ཉིང་ཁྲིའི་གྲོས་འགོ》ནི་ད་ཐེངས་ཚོགས་ཆེན་གྱི་གྲུབ་འབྲས་གཙོ་བོའི་གྲས་ཤིག་རེད། གྲོས་འགོའི་ནང་། ཧི་མ་ལ་ཡའི་མཐའ་འཁོར་ཁུལ་དུ་མི་འབོར་མང་བ་དང་། ཤེས་དཔལ་སྣ་ཁ་མང་བ། སྐྱེ་ཁམས་ཕུན་སུམ་ཚོགས་པ་བཅས་ཡོད་པས་ས་ཁུལ་འཕེལ་རྒྱས་གཏོང་རྒྱུ་དེ་འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱི་ཐུན་མོང་གི་བདེ་རྩ་དང་འབྲེལ་བ་ཡོད། དེའི་ཁྲོད“མི་ཆོས་རིག་གནས་ཀྱི་གླེང་མོལ་དང་སྤེལ་རེས་ལ་སྐུལ་འདེད་བཏང་ནས་འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་དགོས”ཞེས་འཁོད་པར་རྫ་ཡུལ་རྫོང་ཞེད་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྨི་ཀུའུ་ལི·སྨི་ཞུང་གིས་དོ་སྣང་བྱས།
“ཀྲུང་གོའི་བོད་ལྗོངས‘ཧི་མ་ལ་ཡའི་མཐའ་འཁོར’གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་དུ་གཉེར་ཞིང་། དེ་ནི་ཁྱིམ་གྱི་སྒོ་རྩར་གཉེར་བའི་འདུ་ཚོགས་གལ་ཆེན་ཞིག་ཡིན་པས་ང་རང་སྤོབས་པ་ཆེན་པོ་སྐྱེ་གི་འདུག ཉིན་ལྟར་གསར་འགྱུར་བརྒྱུད་འདུ་ཚོགས་ཀྱི་འཕེལ་རིམ་ལ་དོ་ཁུར་བྱེད་ཀྱི་ཡོད”ཅེས་སྨི་ཀུའུ་ལི·སྨི་ཞུང་གིས་སེམས་འགུལ་ཐེབས་བཞིན་བཤད།
སྨི་ཀུའུ་ལི·སྨི་ཞུང་གི་ཁྱིམ་དུ་གསར་འགོད་པས་ལྷོ་པ་མི་རིགས་ཀྱི་གཏམ་རྒྱུད་ཉན་པ་ཡིན།
“ལྷོ་པ་རིགས་དང་། བོད་རིགས། རྒྱ་རིགས། ཏུང་རིགས། སྟེང་པ་བཅས་མི་རིགས་5ཡི་མང་ཚོགས་མཉམ་དུ་འཚོ་སྡོད་བྱེད་པའི་ཞེད་པ་གྲོང་ཚོ་ནི་བོད་རང་སྐྱོང་ལྗོངས་རིམ་པའི་ཤེས་དཔལ་གྲོང་ཚོ་དང་རྫ་ཡུལ་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོ(གྲོང་ལྷན)ཞིག་རེད། ལྷོ་པ་མི་རིགས་ཀྱི་ཁོངས་མི་ཞིག་ཡིན་པའི་ངས་རང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱས་ཏེ་མི་དེ་བས་མང་བས་ང་ཚོའི་རིག་གནས་ཤེས་རྟོགས་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།
“རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་ཞེད་པ་གྲོང་ཚོའི་ལྷོ་པ་རིགས་ནི་ལྷོ་པ་རིགས་དབྱི་ཏུའུ་ཚོ་པའི་ཁོངས་སུ་གཏོགས་པ་དང་། ཡུལ་སྐད་ནི་དབྱི་ཏུའུ་ཡི་སྐད་ཡིན། དབྱི་ཏུའུ་ནི་ཚོ་པ་དེས་རང་ཉིད་ཀྱི་ཚོ་པར་བཏགས་པའི་མིང་ཞིག་རེད། ཞེད་པ་གྲོང་ཚོར་དབྱི་ཏུའུ་ཚོ་པའི་ཀེ་ར་ཨ་རུས་རྒྱུད་ཀྱི་ཨན་པར་ལུའོ·སྨི་ཞུང་དང་། ཨན་ཡུང་པི·སྨི་ལི། ཁྲུང་ཀུའོ·སྨི་ཧུང་། ཨན་ཤང་ལུའོ·སྨི་ཏུང་བཅས་རུས་བཞི་ཡོད་པ་དང་། མི་སེར་སྤེལ་བའི་བཙན་འཛུལ་ལ་ངོ་རྒོལ་བྱེད་མཁན་ལྷོ་པ་རིགས་ཀྱི་ཚོ་པའི་གྲགས་ཅན་འགོ་པ་ཁའེ་སཱ་ནི་ལྷོ་པ་རིགས་ཀྱི་དབྱི་ཏུའུ་ཚོ་པའི་འགོ་གཙོ་ཡིན།
སྨི་ཀུའུ་ལི·སྨི་ཞུང་གིས“དབྱི་ཏུའུ་སྐད་ནི་ཀྲུང་གོའི་སྐད་ཡིག་དང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཁྲོད་ཧ་ཅང་རྩ་ཆེ་བའི་ཐོན་ཁུངས་ཤིག་རེད། སྐད་ཡིག་གི་ངོ་བོའམ་ཡང་ན་ལོ་རྒྱུས་རིག་གནས་ཀྱི་ངོས་ནས་བརྗོད་ན། སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དེང་གི་དུས་འདིར། དབྱི་ཏུའུ་སྐད་དང་འདྲ་བར་སྟོངས་ལ་ཉེ་བའི་སྐད་ལ་དོ་ཁུར་དེ་བས་མང་བ་བྱེད་དགོས”ཞེས་ངོ་སྤྲོད་བྱས་པ་རེད།
“ལོ་ཁ་ཤས་གོང་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་མི་ཆོས་རིག་གནས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལི་ཏ་ཆིན་དང་ཁོང་གི་ཚོགས་པས་ལམ་ཐག་རིང་པོ་བརྒྱུད་གྲོང་ཚོར་བསྐྱོད་ནས་པར་ལེན་བརྙན་ཕབ་སྒྲིག་ཆས་ལ་བརྟེན་ནས་དབྱི་ཏུའུ་སྐད་ཀྱི་སྒྲ་གདངས་དང་ཤོད་སྟངས་སྐོར་ཕབ་ལེན་བྱས་པ་མ་ཟད། ད་དུང་དབྱི་ཏུའུ་ལྷོ་པ་མི་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་དང་འཚོ་བའི་མཁོ་ཆས་སྐོར་གྱི་པར་ཡང་མང་པོ་བརྒྱབ་སོང་། དབྱི་ཏུའུ་ལྷོ་པ་བའི་ཁྲོད་ད་ཆ་དབྱི་ཏུའུ་སྐད་ཤོད་ཤེས་མཁན་ལོ་ལྔ་བཅུ་དྲུག་ཅུ་ལ་སླེབས་པའི་མི་ཉུང་ཤས་ཤིག་ལས་མེད། སྐད་ཡིག་སྲུང་སྐྱོང་འདུ་འགོད་ཚོགས་པ་སླེབས་ནས་དབྱི་ཏུའུ་སྐད་རྒྱུན་འཛིན་དང་སྲུང་སྐྱོང་ཐད་འདེགས་སྐྱོར་ནུས་ལྡན་བྱས་ཡོད”ཅེས་སྨི་ཀུའུ་ལི·སྨི་ཞུང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
ལོ་མང་རིང་སྨི་ཀུའུ་ལི·སྨི་ཞུང་གིས་དབྱི་ཏུའུ་སྐད་ཡིག་ལ་སྲུང་སྐྱོང་ཧུར་ཐག་བྱས་པ་དང་། ལྷག་པར་དུ་ཀྲུང་གོའི་སྐད་ཡིག་ཐོན་ཁུངས་སྲུང་སྐྱོང་འདུ་འགོད་ཀྱི་སྐུལ་ཁྲིད་འོག སྨི་ཀུའུ་ལི·སྨི་ཞུང་དང་གྲོང་མི་ཚོས་སྤྱི་སྐད་སྦྱོང་བ་དང་དབྱི་ཏུའུ་སྐད་ལ་སྲུང་སྐྱོང་བྱ་རྒྱུར་སྔར་བས་མཐོང་ཆེན་བྱས་ནས། ཕྲུ་གུ་ཚོར་སློབ་སྦྱོང་བྱེད་པའི་གོ་སྐབས་དེ་བས་མང་ལ་ལེགས་པ་བཏོད་ཡོད་ཅེས་བཤད།
སྐད་ཡིག་གི་སྣ་མང་རང་བཞིན་ནི་མིའི་རིགས་ཀྱི་ཤུལ་བཞག་གལ་ཆེན་ཞིག་ཡིན་ལ། སྐད་ཡིག་རེ་རེར་མི་རིགས་གཅིག་གམ་ཡང་ན་ཚོགས་པ་གཅིག་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་བློ་གྲོས་འདུས་ཡོད། “ད་ཆ་མི་སེར་གྱི་འཚོ་བ་ལེགས་སུ་ཕྱིན་ནས་ང་ཚོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཕག་གསོ་ར་བ་དང་། ‘4+1’པུ་ཤེལ་ཙེ་ཐོན་ལས་དབུལ་སྐྱོར་རྣམ་གྲངས་དང་ལྷོ་པ་མི་རིགས་གྱོན་ཆས་འཐག་ཁང་ཡོད་པས་དཔལ་འབྱོར་ལེགས་སུ་ཕྱིན་པ་དང་ཆབས་ཅིག ང་ཚོའི་ཕུལ་བྱུང་རིག་གནས་ལའང་དེ་བས་སྲུང་སྐྱོང་ཡག་པོ་བྱེད་དགོས། སླད་ཕྱིན་ངས་མུ་མཐུད་དབྱི་ཏུའུ་སྐད་རྒྱུན་འཛིན་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་གཏོང་བར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10