བོད་ལུགས་གསོ་རིག་གི་སྨན་ཐང་འགྲེམས་སྟོན་པེ་ཅིང་དུ་གཉེར།

        2023-11-07

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གཙོ་དོན་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ།  ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་རྒྱུན་འཛིན་དང་དར་སྤེལ་གཏོང་བ། པེ་ཅིང་གྲོང་ཁྱེར་གྱི་བཤམས་མཛོད་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་དོན་ནང་ཧུར་ཐག་ཞུགས་པ། གཟིགས་མོ་བས་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དང་བོད་ལུགས་གསོ་རིག་གི་ལོ་རྒྱུས། རིགས་གཞུང་དང་སྨན་བཅོས་བྱེད་ཐབས་བཅས་ལ་ཤེས་རྟོགས་དང་རྒྱུས་མངའ་གཏིང་ཟབ་ཡོང་བ་བཅས་བྱ་ཆེད། སྤྱི་ལོ2023ལོའི་ཟླ་བ11ཚེས1ཉིན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་ལྗོངས་རིག་གནས་རྟེན་མཛོད་ཁང་དུ་བོད་ལུགས་གསོ་རིག་གི་སྨན་ཐང་འགྲེམས་སྟོན་བྱེད་འགོ་ཚུགས་ཡོད།

     ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གི་འགོ་འཛིན་སྒྲོལ་དཀར་སྐྱབས་ཀྱིས་གཙོ་གཉེར་ཚན་པའི་ཚབ་ཞུས་ནས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་བསྒྲོན་ཡོད། ཁོང་གིས། ཀྲུང་ཧྭ་མི་རིགས་ཀྱིས་སྲོལ་གཏོད་པ་དང་། ཀྲུང་ཧྭ་མི་རིགས་ཁྲོད་དུ་རྩ་བ་རྒྱས་པའི་བོད་ལུགས་གསོ་རིག་ནི་རང་རྒྱལ་གསོ་རིག་བང་མཛོད་ནང་གི་བཀྲག་མདངས་འཚེར་བའི་མུ་ཏིག་རྡོག་པོ་གཅིག་དང་མཚུངས། བོད་ལུགས་གསོ་རིག་ལ་ད་བར་མི་ལོ3800ལྷག་གི་གོང་འཕེལ་ལོ་རྒྱུས་ལྡན་ཞིང་། དེའི་ལོ་རྒྱུས་ཐོག་ཁྱད་ཆོས་མངོན་པར་ཆེ་ཞིང་སྔར་མེད་གསར་དར་གྱི་སྨན་ཐང་བྱུང་ཡོད།

     པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གིས་བོད་ལྗོངས་ཀྱི་གྲགས་ཅན་ཐང་ག་མཁས་ཅན་དང་། ཡིག་གཟུགས་མཁས་ཅན་གདན་འདྲེན་ཞུས་ནས་ལོ་མང་དཀའ་བ་སྤྱད་པ་བརྒྱུད། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་ཉར་ཚགས་གནང་བའི་བོད་ལུགས་གསོ་རིག་གི་སྨན་ཐང་ཆ་ཚང་ཞིག་བསྐྱར་བཞེངས་གནང་ཡོད།  གསོ་རིག་སྨན་ཐང་ཧྲིལ་པོར་ཐང་ག80ཡོད་པ་དང་། དེ་དག་ཐང་ག་ཆུང་ངུ6487ལས་གྲུབ་ཡོད།  ནང་དོན་ཐད། བོད་ལུགས་གསོ་རིག་གི་འབྱུང་ཁུངས་དང་། ལོ་རྒྱུས་ཀྱི་འཕེལ་རིམ། བོད་ལུགས་གསོ་རིག་གི་རིགས་གཞུང་། ནད་ཐོག་སྨན་བཅོས། སྨན་རྫས་སྡེབ་སྦྱོར།  སྦྱོར་སྡེ་ལས་སྣོན། གནམ་རིག་སྐར་རྩིས་སོགས་བསྡུས་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་ཡག་པོ་གཉེར་ཆེད། གཙོ་གཉེར་ཚན་པས་གསོ་རིག་སྨན་ཁང་མང་དག་ཁྲོད་ནས་རྩེར་སོན་གྱི་སྨན་ཐང་བརྩམས་བྱ30བདམས་ཏེ་འགྲེམས་སྟོན་བྱས་ནས་གཟིགས་མོ་བ་ཚོར་བོད་ལུགས་གསོ་རིག་གི་ལོ་རྒྱུས་དང་རིགས་གཞུང་། སྨན་བཅོས་བྱེད་ཐབས་བཅས་ལ་རྒྱུས་མངའ་དང་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད།

     འགྲེམས་སྟོན་གྱི་ཉིན་དང་པོར། པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གི་ཞིབ་འཇུག་པ་ལེའུ་དབྱིང་ཧྭ་ཡིས་འགྲེམས་ཞུགས་སྐུ་མགྲོན་དང་གཟིགས་མོ་བ་ཚོར༼བོད་ལུགས་གསོ་རིག་གི་ལུམས་བཅོས་ཀྱི་འབྱུང་བ་དང་། ཏུན་ཧོང་ནས་ཐོན་པའི་བོད་ལུགས་གསོ་བ་རིག་པའི་ཤོག་དྲིལ་ནས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཚབ་མཚོན་བརྩམས་ཆོས༽ཞེས་པའི་ཆེད་དོན་འཆད་ཁྲིད་གནང་ཡོད་པ་རེད།

     ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་འགྲེམས་སྟོན་སྤྱི་ལོ2023ལོའི་ཟླ་བ11ཚེས1ཉིན་ནས་སྤྱི་ལོ2024ལོའི་ཟླ་བ2པའི་ཚེས29ཉིན་བར་གཉེར་རྒྱུ་ཡིན་པ་རེད།




ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཟླ་དང་པོ་ནས་དགུ་པའི་བར་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་ཆིག་ཁྲི་ལྷག་ཙམ་དོན་འཁྱོལ་བྱས་པ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་དངུལ་རྩའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།