མགུར་མའི་ནང་མི་ལ།

སྐྱིད་རྒྱ་མཚོ།        2023-11-03

སྙིང་རྗེ་ཡི་མེ་ཏོག་འཁྲུངས་ཤིང་། །

འགྲོ་ཚོགས་ལ་བྱམས་པ་གནང་བའི། །

དུས་མཐའ་ཡི་ཁྱེའུ་དཀར་པོ། །

བྱང་ཐང་གི་སྒྲོན་མེ་འོད་ཆེན། །

གནས་ལུགས་ཀྱི་བདེན་དོན་ཟབ་མོ། །

ཐུགས་ཀློང་གི་གཞི་རུ་འདྲེས་པས། །

ཉམས་རྟོགས་ཀྱི་མགུར་གླུ་ལེན་མཁན། །

རྗེ་བཙུན་ཏེ་མི་ལ་རས་པ། །

མྱང་ཚ་མས་དུར་ཁུང་ནང་ནས། །

བུ་ཆུང་གི་ཆོས་ལམ་སྙེག་ཚུལ། །

ཡིད་ཁོང་དུ་འཆར་ཚུལ་བསམས་ན། །

མནར་གཅོད་ཀྱི་སྡུག་བསྔལ་ཁྲོད་ནས། །

སྐྱོབ་མཛད་ཀྱི་སྐྱེས་བུ་ཡོད་པས། །

མ་ཡུམ་དེ་བསོད་ནམས་མི་ཆུང་། །

སྡེ་མཐའ་ཡི་སྒོ་ཁྱི་ཟུག་སྐད། །

དངངས་འཚུབ་ཀྱི་ཁྲོད་དུ་ཡོད་ཀྱང་། །

བཀྲེས་སྐོམ་གྱི་སྡུག་བསྔལ་དེ་ཡིས། །

གཞན་ངོ་ཡི་དཀར་ནག་འཚོ་བའི། །

པེ་ཏ་མའི་ལས་དབང་ནག་པོ། །

ཡ་ཆུང་གི་ཡིད་སེམས་སྨྲེང་ཡང་། །

མིང་པོ་ཡི་ཆོས་དོན་ཟབ་མོ། །

སེམས་ཁོང་དུ་བསྐྱལ་བ་ཅི་གོ །

མཛེས་སེ་ཡིས་མིག་ཟུང་གཉོམ་པོ། །

མི་ལ་ཡི་འཁྲིས་སུ་བཏབ་ཀྱང་། །

ལས་དབང་གི་ཁ་ཡིག་བསམ་པས། །

སྐྱེ་བ་འདི་ཕྱིར་འཐེན་བྱས་ཤིང་། །

དུང་བརྩེ་ཡི་མདུད་པ་ཟབ་མོ། །

རང་སེམས་ཀྱི་མཁའ་རུ་དཀྲིས་ཏེ། །

ཐག་རིང་དང་ཐག་ཉེ་རྣམས་ནས། །

མིག་ཟུང་གི་ཡང་ཡང་བལྟས་ཡོད། །



  • ལེ་ཚན་སྔོན་མ།:ངག་གི་ཆོ་འཕྲུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།