ངག་གི་ཆོ་འཕྲུལ།

རི་སྨུག།        2023-11-03

ངག་གི་གཙང་པོ་རབ་ཏུ་བྲུག་ཤུལ་གྱི། །

ལས་ཀྱི་སྡིག་སྒྲིབ་ཁུར་བའི་ཉ་མོ་ཨེ། །

བདེན་གྲུབ་ཆོས་ཀྱི་རང་མདངས་མ་མཐོང་ངམ།

ཉམས་རྟོགས་མགུར་གྱི་ལྟ་སྤྱོད་མ་རྟོགས་སམ། །

སྣང་བ་གར་དུ་འཁྲབ་པའི་མཆོད་སྡོང་གི། །

རྩེ་དང་རྩེ་རུ་འཁྲུངས་པའི་སྣ་ཚོགས་གླུ། །

སྒྱུ་འཕྲུལ་མཁའ་དབྱིངས་ངོས་སུ་བླངས་ཙམ་བྱས། །

ངག་གི་རྟ་ཕོའི་འཁྲིས་སུ་འདར་ཙམ་བྱས། །

མི་རྟག་སྐྱེ་འཆིའི་བར་ནས་སྐྱོམ་ཙམ་བྱས། །

གེ་སར་རླུང་གིས་གཙུབས་པའི་པད་མོ་ཨེ། །

གཤོག་པ་བྲག་ལ་བརྡར་བའི་རྒོད་པོ་ཨེ། །

འདུས་བྱས་འཁོར་བའི་ཐང་ལ་མཐའ་མེད་དོ། །

རང་གིས་ཅི་བྱས་ལས་ལ་བདག་མེད་དོ། །

མ་ངེས་སྐྱོ་བའི་ཚུལ་ལ་སྲབ་མེད་དོ། །

དེའི་ཕྱིར་རབ་སྟུག་མུན་པའི་ཀློང་ཡངས་སུ། །

རྙིད་པའི་ཡལ་ག་དག་ནི་རྐྱོང་ཙམ་གནོངས། །

འཁུམས་པའི་བློ་རིག་དེ་ཡང་གསལ་ཙམ་བྱོས། །

ཟབ་མོ་ཆོས་ཀྱིས་རྗེས་སུ་ཟུངས་ཤིག་ཨང་། །

ཏིང་འཛིན་པིར་ལ་འཁྱུག་པའི་ཉོན་མོངས་ཨེ། །

མགྲིན་པའི་སྦུགས་ན་འཕྱུར་བའི་སྤྲིན་པ་ཨེ། །

རྣམ་རྟོག་ལྷུན་གྱིས་གྲུབ་པའི་འགྲོ་དྲུག་ཨེ། །

ང་དང་འདྲ་བའི་སྐྱེས་བུ་ཇི་རྙེད་ཅིག །

བདག་མེད་རྡོ་བ་བཞིན་དུ་དོར་སོང་བས། །

ལན་ཅིག་མིག་གིས་འགྲོ་བའི་ཕྱོགས་བཞིར་ལྟོས། །

རེ་ཞིག་བསིལ་བའི་ཆར་ཆུ་ལྷུག་པོར་བོབས། །

བརྟན་པ་གཤིས་ཀྱི་ངང་རྒྱུད་རིང་བར་མཛོད། །

མི་རྟག་མགུར་གྱིས་བཏུལ་བའི་སྤྱང་མོ་ཨེ། །

འཁྲུལ་སྣང་གླུ་རུ་ལེན་པའི་ཡུ་མོ་ཨེ། །

ཉེས་སྤྱོད་ཚད་མར་སྒོམ་པའི་གར་མ་ཨེ། །

སྤྲིན་གྱིས་གནམ་འཕངས་གཅོད་པའི་རྫ་ལུང་ནས། །

དུད་སྨུག་སྤྲིན་ལ་བསྙེས་པའི་བས་མཐའ་ནས། །

མགོ་བོ་ཁུར་གྱིས་དུད་པའི་ལྗོན་གསེབ་ནས། །

ཆོས་ཀྱི་སྙིང་པོ་རྣ་བར་བླགས་ཨེ་བྱུང་། །

འཁོར་བའི་འཚོ་ཚིས་ཕྱིར་མིག་གནང་ཨེ་བྱུང་། །

ཉེ་དུའི་ཚོགས་ལ་མནོ་བསམ་བཏང་ཨེ་བྱུང་། །

བརྩེ་བས་གཟིགས་པའི་རྗེ་བཙུན་སྒྲོལ་མ་ཀྱེ། །

རིག་པའི་ཀློང་སྒོ་འདྲེན་མཁས་འཇམ་དབྱངས་ཀྱེ། །

ངག་གི་དངོས་གྲུབ་སྩོལ་མཛད་ལྷ་མོ་ཀྱེ། །

གང་གི་སྤྱན་གྱིས་མི་བསྲུན་བདུད་བཅོམས་ནས། །

མི་སྡུག་སྲིན་པོའི་རལ་བ་རྩ་བྲེགས་ནས། །

ཞབས་ཀྱིས་བཏེགས་པའི་འབྱུང་བོའི་ཟིལ་མནན་ནས། །

ང་དག་སྐྱེ་དགུའི་གྲལ་ལ་དཔལ་སྦྱིན་བྱུང་། །

འཇམ་པོ་གདན་གྱི་སྟེང་ལ་བསིལ་གཏོར་བྱུང་། །

གཟེར་བའི་ནད་དེ་དྲུངས་ནས་ཕྱུང་སོང་ངོ་། །



  • ལེ་ཚན་སྔོན་མ།:གཡང་ཊིའི་འཛུམ་དཀར།
  • ལེ་ཚན་རྗེས་མ།:མགུར་མའི་ནང་མི་ལ།