ཀྲུང་དབྱང་དངུལ་རྩའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས།

        2023-11-02

ཀྲུང་དབྱང་དངུལ་རྩའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས།

སྤྱི་ཟླ10པའི་ཚེས30ཉིན་ནས་ཚེས31ཉིན་བར་ཀྲུང་དབྱང་དངུལ་རྩའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།


     ཀྲུང་དབྱང་དངུལ་རྩའི་ལས་དོན་གྲོས་ཚོགས་དེ་སྤྱི་ཟླ10པའི་ཚེས30ཉིན་ནས་ཚེས31ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་གྲོས་ཚོགས་ལ་ཞུགས་ཡོད།


     ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དངུལ་རྩའི་ལས་དོན་ལ་ཕྱོགས་བསྡོམས་གནང་བ་དང་། དངུལ་རྩ་སྤུས་མཐོའི་ངང་གོང་འཕེལ་གཏོང་རྒྱུའི་ཐད་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གནང་བ། ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་དངུལ་རྩའི་ལས་དོན་ལ་བཀོད་སྒྲིག་གནང་ཡོད།  ལི་ཆང་གིས། དངུལ་རྩའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཞིབ་ཕྲའི་བཀོད་སྒྲིག་གནང་ཡོད།


ཀྲུང་དབྱང་དངུལ་རྩའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས།

སྤྱི་ཟླ10པའི་ཚེས30ཉིན་ནས་ཚེས31ཉིན་བར་ཀྲུང་དབྱང་དངུལ་རྩའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་གྲོས་ཚོགས་སུ་ཞུགས་ཡོད།


     གྲོས་ཚོགས་སུ་དངུལ་རྩ་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཁྲག་རྩ་ལྟ་བུ་དང་། རྒྱལ་ཁབ་ཀྱི་ལྟེ་བའི་འགྲན་རྩོད་ནུས་པའི་གྲུབ་ཆའི་ཆ་ཤས་གལ་ཆེན་གྱི་གྲས་ཤིག་ཡིན། དངུལ་རྩ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། དངུལ་རྩའི་ལྟ་སྡོམ་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ། དངུལ་རྩའི་སྒྲིག་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དངུལ་རྩའི་ཞབས་ཞུ་ལེགས་སུ་གཏོང་བ། ཉེན་ཁ་འགོག་སེལ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩ་གོང་འཕེལ་ལམ་བུའི་ཐོག་བསྐྱོད་པ། རང་རྒྱལ་གྱི་དངུལ་རྩ་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་རྒྱུའི་ཐད་འདེགས་སྐྱོར་ནུས་ལྡན་བྱ་དགོས་ཞེས་ནན་སྟོན་གནང་འདུག།


     གྲོས་ཚོགས་སུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག དངུལ་རྩའི་མ་ལག་གིས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནས་བབ་ཧྲིལ་པོར་འདེགས་སྐྱོར་ནུས་ལྡན་བྱས་པ་དང་། ཉེན་ཁ་ཆེ་རིགས་འགོག་སེལ་བྱེད་པའི་འགག་གཏོར་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས། འབྱོར་འབྲིང་སྤྱི་ཚོགས་དུས་བཀག་ལྟར་བསྐྲུན་ཚར་བ་བྱ་རྒྱུ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཏང་ཀྲུང་དབྱང་གིས་མར་ཁེ་སི་རིང་ལུགས་ཀྱི་དངུལ་རྩའི་རིགས་གཞུང་དང་དེང་རབས་ཀྲུང་གོའི་དོན་དངོས་ཟུང་འབྲེལ་དང་། ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ནས། དུས་རབས་གསར་པའི་དངུལ་རྩའི་གོང་འཕེལ་ཆོས་ཉིད་ཁོང་དུ་ཆུད་པར་བྱས་པ་དང་། དངུལ་རྩའི་བྱ་གཞག་གི་ལག་ལེན་གསར་གཏོད་དང་། རིགས་གཞུང་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། ཀྲུང་གོའི་ཁྱད་ཆོས་གྱི་དངུལ་རྩ་གོང་འཕེལ་གྱི་ལམ་བུ་འབད་པས་བཏོད་ཡོད་ཅིང་། ངེས་པར་དུ་ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་རིན་ཐང་སྟོན་ཕྱོགས་རྒྱུན་འཁྱོངས་བྱ་དགོས་པ། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དེ་རྩ་བའི་དམིགས་འབེན་ལ་འཛིན་རྒྱུ་རྒྱུན་འཁྱོང་བྱ་དགོས་པ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་དངུལ་རྩའི་ལས་དོན་གྱི་ཇི་སྲིད་བར་གྱི་བརྗོད་དོན་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་འཁོར་ལམ་ཐོག་དངུལ་རྩའི་གསར་གཏོད་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ། དངུལ་རྩའི་ལས་དོན་གྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ། དངུལ་རྩའི་སྒོ་འབྱེད་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་དགོས་པ་བཅས་ཀྱི་ནན་སྟོན་བྱས་ཡོད། ལག་ལེན་དངོས་དང་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དེ་ནི་ལས་སླ་པོར་ཐོབ་པ་ཞིག་མིན། དེ་དང་ཆབས་ཅིག་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱ་དགོས་པར། དངུལ་རྩའི་ཁྱབ་ཁོངས་སུ་འགལ་བ་དང་གནད་དོན་སྣ་ཚོགས་སྣོལ་འདྲེས་སུ་གནས་པ་དང་། ཕན་ཚུན་གཅིག་གིས་གཅིག་ལ་ཤུགས་རྐྱེན་ཐེབས་པ། འགའ་རེ་ད་དུང་མངོན་གསལ་དོད་པོ་ཡོད་པ། དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་དང་རྐྱེན་ངན་སྔར་བཞིན་མང་པོ་ཡོད་པ། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་ཞུ་བྱེད་པའི་སྤུས་ཚད་དང་ནུས་ཕྱོད་ད་དུང་མཐོ་པོ་མེད་པ། དངུལ་རྩའི་ཟང་ཟིང་དང་རུལ་སུངས་ཀྱི་གནད་དོན་སྔར་བཞིན་ཐོན་པ། དངུལ་རྩའི་ལྟ་སྐུལ་དོ་དམ་ནུས་པ་དང་བཅོས་སྐྱོང་ནུས་པ་ཞན་པ་བཅས་ཀྱི་གནད་དོན་ཡོད། དངུལ་རྩའི་མ་ལག་གིས་ཆབ་སྲིད་ཀྱི་གནས་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་། རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་འཆང་བ། འགན་འཁྲི་འཁུར་སེམས་ཤུགས་ཆེར་གཏོང་བ་བཅས་བྱས་ནས། སེམས་ཐག་གཙང་བཅད་ཀྱིས་གནད་དོན་དེ་དག་རྩ་བ་ནས་ཐག་གཅོད་བྱས་ཐོག དངུལ་རྩ་སྤུས་མཐོའི་ངང་གོང་འཕེལ་གཏོང་བར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་རོགས་འདེགས་བྱ་དགོས་ཞེས་བསྟན་འདུག།

 

     གྲོས་ཚོགས་སུ་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་། དངུལ་རྩའི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གིས་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་གྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཕིགས་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། དངུལ་རྩ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ་དེ་དམིགས་ཡུལ་དུ་འཛིན་པ། དངུལ་རྩ་སྤུས་ཚད་མཐོན་པོའི་ངང་གོང་འཕེལ་གཏོང་རྒྱུ་བརྗོད་དོན་གཙོ་བོར་འཛིན་པ། དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་ཐིག་ཏུ་འཛིན་པ། དངུལ་རྩའི་དཔུང་ཁག་གི་དྭངས་གཙང་རང་བཞིན་དང་། ཆེད་ལས་རང་བཞིན། འཐབ་རྩོད་རང་བཞིན་བཅས་གལ་ཆེའི་འདེགས་སྐྱོར་ལ་འཛིན་པ། ལྟ་སྐུལ་དོ་དམ་དང་ཉེན་ཁ་འགོག་སེལ་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་བསྣན་རྒྱུ་གཙོ་གནད་དུ་འཛིན་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མ་ཐོན་པ་བྱེད་པའི་མཐའ་ཚད་བརྟན་སྲུང་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩ་གོང་འཕེལ་གྱི་ལམ་དུ་བསྐྱོད་པ། ཀྲུང་གོའི་ཁྱད་ཆོས་གྱི་དེང་རབས་དངུལ་རྩའི་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་དངུལ་རྩའི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ་བཅས་ཀྱིས། དུས་རབས་གསར་པའི་དངུལ་རྩའི་ལས་དོན་གྱི་གནས་སྟངས་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་ནན་སྟོན་གནང་འདུག།


     གྲོས་ཚོགས་སུ་སྤུས་མཐོའི་གོང་འཕེལ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཐོག་མ་དེ་ཡིན། དངུལ་རྩས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཆེད་སྤུས་མཐོའི་ཞབས་ཞུ་སྒྲུབ་དགོས། དངུལ་ལོར་དངུལ་རྩའི་ཁོར་ཡུག་ཡག་པོ་ཞིག་ཧུར་ཐག་གཏོད་པ་དང་། འཐབ་ཇུས་གལ་ཆེན་དང་། ཁྱབ་ཁོངས་གཙོ་བོ། ཉམས་ཞན་ལྷུ་ཚིགས་བཅས་པའི་སྤུས་ལེགས་དངུལ་རྩའི་ཞབས་ཞུར་ཤུགས་བསྣན་དགོས།  སྔ་བར་ཕྱི་གསུམ་དུ་དངུལ་ལོར་སྲིད་ཇུས་ཀྱི་བརྟན་པོ་དང་སྐྱོན་བྲལ་རང་བཞིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་འཁོར་ལས་བརྒལ་བ་དང་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་ལ་དེ་བས་དང་དོད་བྱེད་པ། དངུལ་ལོར་སྲིད་ཇུས་དེ་བས་འཐུས་ཚང་དུ་གཏང་དགོས། མ་དངུལ་མཁོ་སྤྲོད་ཀྱི་གྲུབ་གཞི་ལེགས་སུ་བཏང་ནས། དངུལ་རྩའི་ཐོན་ཁུངས་དེ་བས་མང་བ་ཚན་རྩལ་གསར་སྐྲུན་དང་། སྔོན་ཐོན་བཟོ་སྐྲུན། གནོད་མེད་གོང་འཕེལ། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་སོགས་ལ་སྐུལ་འདེད་གཏོང་བར་སྤྱོད་དགོས། གསར་སྐྲུན་གྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་། ས་ཁོངས་མཐུན་སྦྱོར་གོང་འཕེལ་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་བརྒྱུད། རྒྱལ་ཁབ་ཀྱི་འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་སོགས་འགན་ལེན་ཏན་ཏིག་བྱ་དགོས། ཕན་འབྲས་ཞན་པའི་རིགས་ཀྱིས་བཟུང་བའི་དངུལ་རྩའི་ཐོན་ཁུངས་བེད་སྤྱོད་ཇེ་ལེགས་སུ་གཏོང་བ་དང་། མ་དངུལ་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་དགོས།  ཚན་རྩལ་དངུལ་རྩ་དང་། སྦགས་མེད་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ།  གྲངས་འཛིན་དངུལ་རྩ་བཅས་པའི་ནང་དོན་ཆེ་ཁག་ལྔའི་ལས་དོན་ཡག་པོ་བསྒྲུབ་དགོས། དེང་རབས་དངུལ་རྩའི་ལས་ཁུངས་དང་ཁྲོམ་རའི་མ་ལག་རིམ་པ་བཞིན་བསྐྲུན་དགོས་པ་དང་། མ་དངུལ་དངོས་ཚན་དཔལ་འབྱོར་ནང་གཏོང་བའི་ཐབས་ལམ་ཤར་བགྲོད་ཡོང་བ་བྱེད་དགོས། མ་རྩ་བསྡུ་རུབ་ཀྱི་གྲུབ་གཞི་ལེགས་སུ་གཏོང་བ་བརྒྱུད། མ་རྩའི་ཁྲོམ་རའི་ལྟེ་བའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། རྐང་དངུལ་འགྲེམས་སྤེལ་ཐོ་འགོད་ལམ་ལུགས་དེ་བས་གཏིང་ཟབ་པའི་ཕྱོགས་སུ་གོང་འཕེལ་ཏན་ཏིག་གཏོང་བ། སྣ་མང་ཅན་གྱི་རྐང་དབང་མ་དངུལ་བསྡུ་རུབ་གོང་འཕེལ་གཏོང་བ།  ཁྲོམ་རར་ཞུགས་པའི་སྤྱི་གཉེར་ཁང་གི་སྤུས་ཚད་ལེགས་སུ་ཤུགས་ཆེན་གཏོང་བ་བཅས་ཀྱི་ཐོག་ནས། མ་འཇོག་དངུལ་ཁང་དང་མ་འཇོག་ལས་ཁུངས་རྩེ་གྲ་སྐྱེད་སྲིང་བྱེད་དགོས། བུན་འཛིན་ཁྲོམ་ར་སྤུས་མཐོའི་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏང་དགོས། ལས་ཁུངས་ཀྱི་ངེས་གནས་གཏན་འཁེལ་འཐུས་ཚང་དུ་གཏོང་བ་དང་།  གཞུང་ཁོངས་དངུལ་རྩའི་ལས་ཁུངས་ཆེ་གྲས་ལེགས་ཤིང་སྟོབས་ཆེར་འགྱུར་བར་རྒྱབ་སྐྱོར་བྱེད་པ།  དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་གཙོ་ཤུགས་དམག་དང་དངུལ་རྩ་བརྟན་གནས་ཡོང་བར་སྲུང་སྐྱོང་བྱེད་པའི་རྨང་རྡོ་ཡག་པོ་བྱེད་པ། དངུལ་རྩའི་ལས་ཁུངས་འབྲིང་ཆུང་གི་ཞུགས་འཐུས་ཚད་གཞི་དང་ལྟ་སྐུལ་དོ་དམ་གྱི་བླང་བྱ་ནན་དུ་གཏོང་བ། ས་གནས་དེ་གར་ཁྱད་ལྡན་ཅན་གཉེར་སྐྱོང་བྱེད་པར་གཞིས་ཚུགས་པ། སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་དངུལ་རྩའི་ལས་ཁུངས་ཀྱི་འགན་ནུས་གནས་ཐིག་གཏན་འཁེལ་བྱེད་ཤུགས་ཆེ་རུ་གཏོང་བ། འགན་བཅོལ་ལས་རིགས་ཀྱི་དཔལ་འབྱོར་གྱི་འཕར་ཆག་ཆུང་དུ་གཏོང་བ་དང་སྤྱི་ཚོགས་བརྟན་བརླིང་ཡོང་བ་བྱེད་པའི་ནུས་པ་འདོན་སྤེལ་བྱ་དགོས། ཁྲོམ་རའི་སྒྲིག་སྲོལ་ཤུགས་ཆེར་གཏོང་བ་དང་། སྒྲིག་སྲོལ་གཅིག་གྱུར་དང་། ལྟ་སྐུལ་དོ་དམ་མཐུན་སྦྱོར་གྱི་དངུལ་རྩའི་ཁྲོམ་ར་བཙུགས་ནས་ཡུན་རིང་གི་མ་རྩ་ཆགས་པར་སྐུལ་འདེད་གཏོང་དགོས། ཁྲིམས་མིས་བཅོས་སྐྱོང་བྱེད་པ་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དངུལ་རྩའི་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ། གཞུང་ཁོངས་དངུལ་རྩའི་མ་རྩ་དོ་དམ་འཐུས་ཚང་དུ་གཏོང་བ།  དངུལ་ཁང་གི་མ་རྩའི་ཁ་གསབ་ཐབས་ལམ་རྒྱ་སྐྱེད་གཏོང་བ།  ཐོན་སྐྱེད་དང་མ་རྩ་བསྡུ་རུབ་ཀྱི་ཉེན་ཁ་སོ་སོར་འབྱེད་པ་བཅས་བྱ་དགོས། དངུལ་རྩ་ཆུ་ཚད་མཐོན་པོའི་སྒོ་ནས་སྒོ་མོ་འབྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ནས། རྒྱལ་ཁབ་ཀྱི་དངུལ་རྩ་དང་དཔལ་འབྱོར་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། ནང་དུ་འདྲེན་པ་དང་ཕྱི་རུ་སྐྱོད་པ་གཉིས་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། དངུལ་རྩའི་ཁྱབ་ཁོངས་ཀྱི་ལམ་ལུགས་ཅན་གྱི་སྒོ་འབྱེད་གོམ་སྟབས་བརྟན་པོའི་ངང་རྒྱ་སྐྱེད།  རྒྱལ་ཁོངས་ལས་བརྒལ་བའི་མ་དངུལ་འཇོག་བསྡུ་སྟབས་བདེ་ཅན་དུ་གཏོང་བ།  ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་དངུལ་རྩའི་ལས་ཁུངས་དང་ཡུན་རིང་གི་མ་རྩ་སྔར་ལས་མང་བ་ཀྲུང་གོར་ཡོང་ནས་ལས་རིགས་དར་རྒྱས་གཏོང་རྒྱུར་ཡིད་འགུག་བྱ་དགོས།  ཧྲང་ཧའེ་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་ཀྱི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ནུས་པ་ཇེ་ཆེར་གཏོང་བ་དང་། ཞང་ཀང་གི་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་ཀྱི་གནས་བབ་སྲ་བརྟན་དང་ཇེ་ཆེར་གཏོང་དགོས་ཞེས་ནན་སྟོན་གནང་འདུག།


     གྲོས་ཚོགས་སུ་དངུལ་རྩར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཐག་གཅོད་ནུས་ལྡན་བྱེད་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་ཕན་ནུས་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ་དང་། ཁྲིམས་ལྟར་དངུལ་རྩའི་བྱེད་སྒོ་ཡོད་ཚད་ལྟ་སྐུལ་དོ་དམ་བྱེད་ཁོངས་སུ་བཅུག་སྟེ། ལས་ཁུངས་ལ་ལྟ་སྐུལ་དོ་དམ་དང་། བྱ་སྤྱོད་ལ་ལྟ་སྐུལ་དོ་དམ། བྱེད་ནུས་ལ་ལྟ་སྐུལ་དོ་དམ། ཕྱི་གསལ་ནང་གསལ་གྱི་ལྟ་སྐུལ་དོ་དམ། རྒྱུན་མཐུད་ལྟ་སྐུལ་དོ་དམ་བཅས་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་དོ་དམ་གྱི་སྟོང་ཆ་མེད་པར་བཟོ་བ། ཁྲིམས་བསྟར་ནན་པོ་དང་རལ་གྲི་ཕྱར་ཕོད་པ་བྱས་ཏེ།  ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོར་རྡུང་རྡེག་ནན་པོ་གཏོང་དགོས། དངུལ་རྩའི་ལས་ཁུངས་འབྲིང་ཆུང་གི་ཉེན་ཁ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། ས་གནས་ཀྱི་བུ་ལོན་གྱི་ཉེན་ཁ་འགོག་ཟོན་དང་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་། སྤུས་མཐོའི་གོང་འཕེལ་དང་འཚམ་པའི་སྲིད་གཞུང་གི་བུ་ལོན་དོ་དམ་ལམ་སྲོལ་བཙུགས་ཏེ།  ཀྲུང་དབྱང་དང་ས་གནས་སྲིད་གཞུང་གི་བུ་ལོན་གྲུབ་གཞི་ལེགས་སྒྱུར་བྱེད་དགོས། དངུལ་རྩ་དང་ས་ཁང་བདག་ཁོངས་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། ས་ཁང་བདག་ཁོངས་ཁེ་ལས་ཀྱི་བྱེད་པོའི་ལྟ་སྐུལ་དོ་དམ་ལམ་ལུགས་དང་མ་དངུལ་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏོང་བ། ས་ཁང་བདག་ཁོངས་ཀྱི་དངུལ་རྩའི་སྤྱི་ཁོག་ལ་གཟབ་ནན་དོ་དམ་བྱ་རྒྱུ་འཐུས་ཚང་དུ་གཏོང་བ།  དབང་བའི་ལམ་ལུགས་མི་འདྲ་བའི་ས་ཁང་བདག་ཁོངས་ཁེ་ལས་ཀྱི་ལུགས་མཐུན་གྱི་མ་དངུལ་བསྡུ་རུབ་དགོས་མཁོ་ཕྱོགས་རིས་མེད་པར་སྐོང་བ། གྲོང་ཁྱེར་ལ་གཞིགས་ནས་སྲིད་ཇུས་དང་ལག་ཆ་ལེགས་པར་སྤྱོད་པ་དང་།  དགོས་ངེས་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་སྔར་ལས་ལེགས་པར་བྱེད་པ། འགན་སྲུང་རང་བཞིན་གྱི་སྡོད་ཁང་སོགས་ལས་གྲྭ་ཆེན་པོ་གསུམ་འཛུགས་སྐྲུན་མགྱོགས་སུ་བཏང་ནས། ས་ཁང་བདག་ཁོངས་གོང་འཕེལ་གཏོང་སྟངས་གསར་པ་འཛུགས་དགོས། དངུལ་རྩའི་ཁྲོམ་ར་བརྟན་པོའི་ངང་འཁོར་སྐྱོད་ཡོང་བར་སྲུང་སྐྱོང་དང་། དངུལ་རྩའི་ཁྲོམ་རའི་འགྲེམས་སྤེལ་དང་ཉོ་ཚོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སྔོན་དཔག་ལ་ཁྲིད་སྟོན་ལུགས་མཐུན་བྱས་ནས།  ཉེན་ཁ་ས་ཁོངས་ལས་བརྒལ་བ་དང་། ཁྲོམ་ར་ལས་བརྒལ་བ། རྒྱལ་མཚམས་ལས་བརྒལ་ཏེ་ཤུགས་རྐྱེན་ཁྱབ་འགྱེད་དུ་མི་འགྲོ་བ་བྱེད་དགོས། ཕྱི་དངུལ་ཁྲོམ་རར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས།  མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དང་དོ་སྙོམས་ཀྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་བྱ་དགོས། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པར། དབང་ཆ་དང་འགན་འཁྲིའི་དབར་གྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱས་ནས།  འགན་དབང་གཅིག་གྱུར་དང་། སྐུལ་ལྕག་དང་གཅུན་འདོམས་ཕན་ཚུན་མཉམ་འདྲེས་ཀྱི་ཉེན་ཁ་ཐག་གཅོད་བྱེད་པའི་འགན་འཁྲིའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མགྱོགས་པོ་དང་བརྟན་པོའི་འབྲེལ་བ་སྟངས་འཛིན་ཡག་པོ་བྱས་ཏེ།  སྤྱི་ཡོངས་བརྟན་པོ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་དུས་ཚོད་དང་ཕན་འབྲས་ལ་སྟངས་འཛིན་བྱེད་པ་དང་། ཉེན་ཁ་ཏན་ཏིག་དང་བརྟན་པོའི་ངང་སེལ་བ།  ཁྲིམས་འགལ་ཉེས་བསགས་དང་རུལ་སུངས་བྱ་སྤྱོད་ལ་ཆད་པ་མཐའ་གཅིག་ཏུ་གཅོད་པ་བཅས་ཀྱི་ཐོག་ནས། ཀུན་སྤྱོད་ཀྱི་ཉེན་ཁ་ནན་འགོག་བྱེད་དགོས། ཉེན་ཁ་སྔ་ཙམ་དབྱེ་འབྱེད་དང་།  སྔ་ཙམ་ཉེན་བརྡ་གཏོང་བ།  སྔ་ཙམ་ཕྱིར་མངོན་པར་བྱེད་པ། སྔ་ཙམ་ཐག་གཅོད་བཅས་བྱས་ཏེ།  ཚོད་འཛིན་ནན་པོ་ལྡན་པའི་དངུལ་རྩའི་ཉེན་ཁ་དུས་ཐོག་ཏུ་སེལ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཞེས་ནན་སྟོན་གནང་འདུག།


     གྲོས་ཚོགས་སུ་ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུར་ཤུགས་བསྣན་རྒྱུ་ནི་དངུལ་རྩའི་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་འགན་ལེན་ཡིན། ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། གཅིག་གྱུར་འཆར་འགོད་མཐུན་སྦྱོར་གྱི་གནད་འགག་ལ་སྟངས་འཛིན་ཡག་པོ་བྱ་དགོས། ཀྲུང་དབྱང་དངུལ་རྩའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། དངུལ་རྩའི་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྱོང་ལ་ཤུགས་བསྣན་དགོས། ས་གནས་ཏང་ཨུད་ཀྱི་དངུལ་རྩའི་ཨུ་ཡོན་ལྷན་ཁང་དང་དངུལ་རྩའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ས་ཁོངས་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས། ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་། འཇོན་ནུས་ཐད་ཉམས་སད་ཐེག་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་པ་བཅས་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱས་ཐོག ལྷག་བསམ་དག་ཅིང་ཀུན་སྤྱོད་གཙང་བ་དང་། འགན་འཁྲི་འཁུར་ཕོད་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དངུལ་རྩའི་ལས་བྱེད་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་དགོས། དངུལ་རྩའི་ཁོངས་གཏོགས་སུ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཁ་དན་ཚིག་གནས་དང་། དྲང་བརྟེན་ཕན་ཐོབ། གཟབ་ནན་ཏན་ཏིག དྲང་སྲུང་གསར་གཏོད། ཁྲིམས་བསྟུན་ལུགས་མཐུན་བཅས་རྒྱུན་འཁྱོངས་བྱེད་དགོས། དངུལ་རྩའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དངུལ་རྩའི་ཁྱབ་ཁོངས་གཙོ་བོ་དང་གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་དུས་ཐོག་ཏུ་སྐུལ་འདེད་བཏང་ནས། དངུལ་རྩའི་ལས་རིགས་གོང་འཕེལ་ཡོང་ཆེད་གཡས་སྲུང་གཡོན་སྐྱོར་བྱེད་དགོས་ཞེས་བསྟན་འདུག།


     གྲོས་ཚོགས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་དངུལ་རྩའི་བྱ་གཞག་གོང་འཕེལ་གཏོང་བའི་རིགས་གཞུང་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བསྐྱོན་ཡོད་པ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་གྲུབ་ཆའི་ཆ་ཤས་གལ་ཆེན་ཞིག་དང་། མར་ཁེ་སི་རིང་ལུགས་ཆབ་སྲིད་དཔལ་འབྱོར་རིག་པའི་དངུལ་རྩའི་གནད་དོན་སྐོར་གྱི་གསར་གཏོད་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞིང་། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དངུལ་རྩ་སྤུས་མཐོའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་སློབ་སྦྱོང་བྱེད་པ་དང་གོ་བ་གཏིང་ཟབ་ལེན་པ། རང་འགུལ་སྒོ་ནས་ལག་བསྟར་དོན་འཁྱོལ་བྱ་དགོས། དངུལ་རྩའི་སྤྱི་ཁོག་སྙོམས་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ་དང་། དངུལ་ལོར་ཡིད་རྟོན་བུན་གཏོང་དགོས་མཁོའི་ཆོས་ཉིད་དང་ཁྱད་ཆོས་གསར་པ་ཁོང་དུ་གང་ལེགས་ཆུད་པར་བྱེད་པ། དངུལ་ལོར་མཁོ་སྤྲོད་ཀྱི་སྤྱི་འབོར་དང་གྲུབ་གཞི་ཕྱོགས་གཉིས་ཀ་སྙོམས་སྒྲིག་བྱ་རྒྱུར་ཤུགས་བསྣན་དགོས། སྤུས་ལེགས་དངུལ་རྩའི་ཞབས་ཞུར་ཤུགས་བསྣན་པ་དང་།  དངུལ་རྩ་ཆུ་ཚད་མཐོ་པོའི་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ།  ཕྱིར་སྐྱོད་པ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞབས་འདེགས་ཡག་པོ་ཞུ་བ། མི་དམངས་དངུལ་ལོར་རྒྱལ་སྤྱི་ཅན་དུ་འགྱུར་བར་བྱ་རྒྱུའི་ཐད་བརྟན་པོ་དང་། གཟབ་ནན། ཏན་ཏིག་བཅས་ཀྱི་ཐོག་ནས་སྐུལ་འདེད་གཏང་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་དང་འགན་འཁྲི་བདའ་འདེད་ལམ་ལུགས་འཛུགས་པ་དང་འཐུས་ཚང་བཏང་ནས། གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་ཉེན་ཁ་ནུས་ལྡན་ངང་འགོག་སེལ་ཡག་པོ་བྱ་དགོས། མིག་སྔའི་དངུལ་རྩའི་ཁྱབ་ཁོངས་ཀྱི་ལས་དོན་གཙོ་བོ་ཡག་པོ་སྒྲུབ་པ་དང་། སྲིད་ཇུས་ལག་བསྟར་དང་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། འཁོར་སྐྱོད་རང་བཞིན་ལུགས་མཐུན་འདང་ངེས་དང་། དངུལ་རྩ་བསྡུ་རུབ་ཀྱི་མ་གནས་རྒྱུན་མཐུད་ངང་གཅོག་རྒྱུ་རྒྱུན་འཁྱོངས་བྱེད་པ། མ་རྩའི་ཁྲོམ་ར་འཁྲུག་ཏུ་གཏོང་བ། ནང་མཁོ་རྒྱ་སྐྱེད་དུ་གཏོང་རྒྱུར་རྒྱབ་སྐྱོར་དེ་བས་ལེགས་པ་བྱེད་པ། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་བརྟན་ལྷིང་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཚན་རྩལ་གསར་པ་དང་། འགྲན་ལམ་གསར་པ། ཁྲོམ་ར་གསར་པ་བཅས་ཀྱི་དངུལ་རྩའི་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་བརྒྱབ་ནས། སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་གསོ་སྤེལ་གང་མགྱོགས་བྱ་དགོས་ཞེས་ནན་སྟོན་གནང་འདུག།


     གྲོས་ཚོགས་སུ་ས་ཁུལ་ཁག་དང་སྡེ་ཁག་ཁག་དང་ལྷག་དོན་དུ་དངུལ་རྩའི་ཁོངས་གཏོགས་ཀྱིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་སྔར་བས་གཅིག་གྱུར་བྱེད་དགོས་པ་དང་། དམིགས་འབེན་གྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་དངུལ་རྩའི་ལས་དོན་ལ་མགོ་ཁྲིད་བྱེད་པར་ཁྱོན་ཡོངས་ནས་ཤུགས་བསྣན་པ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ་དང་དངུལ་རྩའི་ཉེན་ཁ་འགོག་སེལ་བྱེད་པ། དངུལ་རྩ་སྤུས་མཐོའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་གཙོ་བོ་ཏན་ཏིག་ངང་ཡག་པོ་སྒྲུབ་པ།  དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་འཛུགས་པ་དང་། གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་ཡག་པོ་བྱས་ནས། དངུལ་རྩའི་ལས་བྱེད་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་པ་དང་།  ལས་དོན་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།


     ཧོ་ལི་ཧྥེང་གིས་ཕྱོགས་བསྡོམས་གསུང་བཤད་གནང་བ་རེད། ཀྲུང་གོ་མི་དམངས་དངུལ་ཁང་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། ཀྲུང་གོ་འཛིན་ལོར་ལྟ་སྡོམ་ཨུ་ལྷན། པེ་ཅིང་གྲོང་ཁྱེར། ལེའོ་ཉིང་ཞིང་ཆེན། ཧུའུ་པེ་ཞིང་ཆེན། སི་ཁྲོན་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ་རེས་གནང་བ་རེད།


     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས་ཡོད།

 

     ཀྲུང་དབྱང་དངུལ་རྩའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་འཆར་གཞི་ཟུར་བཀོད་ཀྱི་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་བཅས་དང་། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་དང་ཁེ་ལས་ཁག་ཅིག་གི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།




ལོ་ཙཱ་བ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༥༦
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།