རང་ཁུལ་གྱིས་སྤུས་ཚད་མཐོན་པོས་མཚོ་འཕགས་མཐོ་ཤོས་ཀྱི་རིག་གནས་དངོས་མང་བཤམས་སྟོན་ཁང་ཞིག་བསྐྲུན།

ཀུན་དགས་བྲིས།        2023-11-03

རང་ཁུལ་གྱིས་སྤུས་ཚད་མཐོན་པོས་མཚོ་འཕགས་མཐོ་ཤོས་ཀྱི་རིག་གནས་དངོས་མང་བཤམས་སྟོན་ཁང་ཞིག་བསྐྲུན།
ཤམ་བྷ་ལ་རིག་གནས་དངོས་མང་བཤམས་སྟོན་ཁང་གི་རྣམ་པ་ཆ་ཚང་། (དཔེ་མཚོན་རི་མོ།)

དེ་དུས་ཐེམ་ཐོ་ཨ་རི་ནས་ཡིན་པའི་ཨོ་སི་ཁྲུ་རི་ཡའི་མྱུལ་དཔྱད་པ་གཡོད་སེ་ཕུའུ·ལུའོ་ཁེ་ཀྲུང་གོར་ཡོང་ནས་དཀོན་ཞིང་རྩ་ཆེ་བའི་རྩི་ཤིང་རིགས་བཙལ་ཆེད་འདབ་པའི་ཉི་སྟེན་དུ་ཐེངས་གཉིས་ལ་བསྐྱོད། དེ་གའི་མཛེས་ལྗོངས་ཀྱིས་ཁོང་གི་མིག་དབང་འཕྲོག་ལ་ཡིད་དབང་བཀུག། དེ་རྗེས་ཁོང་གིས་ཨ་རིའི《རྒྱལ་ཁབ་ས་ཁམས》དུས་དེབ་ཐོག་རྩོམ་ཡིག་སྤེལ་ནས་འདབ་པའི་ཉི་སྟེན་འཛམ་གླིང་དུ་ཐོག་མར་ཁྱབ་གདལ་བཏང་ཞིང་། འདབ་པའི་ཉི་སྟེན་དེ་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་ཚོའི་འགྲོ་འདོད་དང་མྱོང་འདོད་ཀྱི་དག་ཞིང་ལྟ་བུར་གྱུར།

ཉི་སྟེན་གྲོང་སྡེ་ནི་འདབ་པའི་ཉི་སྟེན་ལྗོངས་ཁུལ་གྱི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལྟེ་བའི་གྲུབ་ཆ་ཡིན་ཞིག་ཡིན་ལ། དེར་ཤམ་བྷ་ལ་རིག་གནས་ཀྱི་གདོད་མའི་རང་བཞིན་ལྡན་པས་འདབ་པའི་ཉི་སྟེན་ལྗོངས་ཁུལ་གྱི་ཐུན་མོང་མ་ཡིན་པའི་མཚོན་བྱེད་ཅིག་ཀྱང་ཡིན། 2023ལོའི་ལོ་མཇུག་ཏུ་སི་ཁྲོན་ཞིང་ཆེན་ཏང་ཨུས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་།ཡུལ་སྡེ་དར་རྒྱས་གཏང་རྒྱུར་སྐུལ་བ།ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་བའི་བཀོད་སྒྲིག་ལྟར“འཛམ་གླིང་ཐོག་གི་ཡུལ་སྐོར་གྲོང་སྡེ་ཡག་ཤོས”ཀྱི་ཚད་གཞིར་གཞིགས་ནས་ཉི་སྟེན་གྲོང་སྡེར་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་དང་སླར་གསོ་ལས་གཞི་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ཡོད། ཉི་སྟེན་སྐྱེ་ཁམས་ཤེས་དཔལ་དང་མཛེས་སྡུག་གི་ཡུལ་སྡེ།རིག་གནས་སྔོག་འདོན་རྒྱུན་འཛིན་དང་།དེ་བཞིན་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཅས་མྱུར་བགྲོད་ལམ་བུའི་ཐོག་སྐྱོད་བཞིན་ཡོད།

རང་ཁུལ་གྱིས་སྤུས་ཚད་མཐོན་པོས་མཚོ་འཕགས་མཐོ་ཤོས་ཀྱི་རིག་གནས་དངོས་མང་བཤམས་སྟོན་ཁང་ཞིག་བསྐྲུན།
ཤམ་བྷ་ལ་རིག་གནས་དངོས་མང་བཤམས་སྟོན་ཁང་གི་ཟུར་ཞིག

སྤུས་ལེགས་མཛེས་སྡུག་ལྡན་པའི་ཤམ་བྷ་ལ་རིག་གནས་དངོས་མང་བཤམས་སྟོན་ཁང་།

རང་ཁུལ་གྱི་འདབ་པ་རྫོང་ཉི་སྟེན་གྲོང་སྡེར་གསར་དུ་བསྐྲུན་པའི་མཚོ་འཕགས་མཐོ་ཤོས་ཀྱི་རིག་གནས་དངོས་མང་བཤམས་སྟོན་ཁང་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།འདི་ནི་ཉི་སྟེན་གྲོང་སྡེའི་སྲུང་སྐྱོང་སླར་གསོ་ལས་དོན་ཁྲོད་ཀྱི་འཛུགས་སྐྲུན་གལ་ཆེན་གྱི་གྲས་ཤིག་ཡིན་ལ།ཤམ་བྷ་ལ་རིག་གནས་འགྲེམས་སྟོན་བྱ་རྒྱུ་གཙོ་བོར་བྱེད་པའི་རིག་གནས་དངོས་མང་བཤམས་སྟོན་ཁང་ཞིག་ཀྱང་ཡིན།

ཀྲུང་གོ་འཛུགས་སྐྲུན་ཅུས་བརྒྱད་པའི་ལྷོ་ནུབ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་སྤྱི་གཉེར་ཁང་གི་ལས་གཞིའི་སྤྱི་ཁྱབ་བཟོ་པ་ཆའོ་ཞིན་གོ་ཡིས་གསར་འགོད་པར་ཤམ་བྷ་ལ་རིག་གནས་དངོས་མང་བཤམས་སྟོན་ཁང་དེ་བཀྲ་ཤིས་རྟགས་བརྒྱད་ཀྱི་ཡ་གྱལ་དུང་དཀར་གཡས་འཁྱིལ་གྱི་བཟོ་དབྱིབས་ལྟ་བུར་བྱས་ནས་བསྐྲུན་ཡོད་ཅིང་། ཁྱོན་ཐོག་རྩེག་གསུམ་དང་མཐོ་ཚད་སྨི17.4ལ་ཟིན་པ་དང་།འཛུགས་སྐྲུན་རྒྱ་ཁྱོན་བསྡོམས་འབོར་སྨི་ངོས་གྲུ2994.6ལ་ཟིན་ཡོད་ཅེས་བཤད།

གླེང་རིན་ཡོད་པ་ཞིག་ལ་རིག་གནས་དངོས་མང་བཤམས་སྟོན་ཁང་གི་ཉི་ཁྱམས་ནས་ཕར་བལྟས་ན་ཐག་ཉེ་ས་ནས་གངས་རི་མཐོང་ཐུབ་པས་དེར་ཡུལ་སྐོར་བས་པར་རྒྱག་དང་ངལ་གསོ་བྱེད་ཆོག་པར་མ་ཟད།ངག་རྒྱུན་ཁྲོད་ཀྱི་ཤམ་བྷ་ལའི་ངོ་མཚར་གྱི་མཛེས་ལྗོངས་མྱོང་རོལ་བྱ་ཐུབ།

གཞན་ཡང་འཛུགས་སྐྲུན་བྱ་ཐབས་ཐད་ཤམ་བྷ་ལ་རིག་གནས་དངོས་མང་བཤམས་སྟོན་ཁང་གི་རྩིག་རྨང་དང་ཕྱིའི་གྱང་སོགས་ལ་ས་གནས་དེ་གའི་ཡུལ་མི་སྡོད་ཁང་ལ་སྤྱོད་བཞིན་པའི་རྡོ་ཆ་དང་ཤིང་ཆ་སོགས་སྤྱད་པ་དང་།མཛེས་ལྗོངས་ལ་ལྟ་སའི་སྒེའུ་ཁུང་ཆེན་པོར་དེང་རབས་ཀྱི་ཧ་ཡང་ལྕགས་རིགས་དང་ཤེལ་སྒོ་སོགས་སྒྲིག་སྦྱོར་བྱས་པར་མ་ཟད། ཁང་སྟེང་དུ་ལྕགས་རིགས་པང་ལེབ་བཀབ་ཡོད། ནུས་པའི་བཀོད་སྒྲིག་ཐད་ས་གནས་དེ་གའི་རང་བྱུང་དང་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་དམིགས་བསལ་རང་བཞིན་མངོན་པར་བྱས་ཡོད།

གསར་འགོད་པས་ཤམ་བྷ་ལ་རིག་གནས་དངོས་མང་བཤམས་སྟོན་ཁང་དུ་འགྲོ་དུས་མིག་ལམ་དུ་མཐོང་བ་ནི་སྲོལ་རྒྱུན་དང་དེང་རབས་ཀྱི་ལག་རྩལ་འདྲེས་མའི་ཇུས་འགོད་བཟོ་རྩལ་དང་། འགྲེམས་ཁང་རིམ་པ་གཉིས་པ་དང་གསུམ་པའི་ནང་ཤམ་བྷ་ལའི་རིག་དངོས་དང་དཔེ་དེབ།རི་མོ་བརྩམས་ཆོས་སོགས་འགྲེམས་སྟོན་བྱས་པ་དང་།དེ་མིན་ད་དུང་ལུའོ་ཁེའི་ཉི་སྟེན་གྱི་གཙོ་དོན་འགྲེམས་སྟོན་དང་།ཨ་རིའི《རྒྱལ་ཁབ་ས་ཁམས》དུས་དེབ་འགྲེམས་སྟོན།《འཇིག་ཟིན་པའི་སའི་སྙོམས་ཐིག》གློག་བརྙན།རྒྱ་ཁྱབ་བརྡ་སྦྱོར་འགྲེམས་སྟོན་སོགས་ཡིན་ཞིང་།དུས་མཉམ་དུ་འགྲེམས་ཁང་ནང་གི་གངས་རིའི་འཚིག་ཇ་ཁང་དང་།རིག་གནས་སྦྲག་སྲིད་ཁང་།རིག་གནས་གསར་གཏོད་དཔེ་ཚོང་ཁང་བཅས་ཀྱང་གཅིག་རྗེས་གཉིས་མཐུད་ངང་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།

ཨར་སྐྲུན་བརྒྱུད་རིམ་ཁྲོད་ཀྱི་དཀའ་ངལ་སྐོར་གླེང་སྐབས་ཆའོ་ཞིན་གོ་ཡིས་ལས་ཡུན་ཐུང་བ་དང་ལས་འགན་ལྕི་བས་ཤམ་བྷ་ལ་རིག་གནས་དངོས་མང་བཤམས་སྟོན་ཁང་བསྐྲུན་རྒྱུར་ད་དུང་དཀའ་གནད་མང་པོ་འདུག། དངོས་མང་བཤམས་སྟོན་ཁང་གི་ཁང་སྟེང་གི་བཀོད་པ་རྙོག་འཛིང་ཆེ་བ་དང་གནས་ཐིག་གཏན་འཁེལ་དཀའ་བ།ཤེལ་སྒོ་སྒྲིག་སྦྱོར་བྱེད་པ་སོགས་ལ་དཀའ་ངལ་ཆེན་པོ་འདུག།གཞན་ཡང་རྒྱུ་ཆ་དང་མི་སྣ།འཕྲུལ་ཆས་སྐྱེལ་འདྲེན་བྱས་པ་ཚང་མར་གཙོ་ལམ་གཅིག་ལས་མེད་པས་སྐྱེལ་འདྲེན་དུས་འཁོར་རིང་བས་དཀའ་གནད་ལ་ཐུབ་བྱུང་ཞེས་བཤད།

དཀའ་གནད་ཐག་གཅོད་དང་ཕན་འབྲས་ཆེ་ལ་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ལེགས་འགྲུབ་བྱ་ཆེད།ཀྲུང་གོ་འཛུགས་སྐྲུན་ཅུས་བརྒྱད་པའི་ལྷོ་ནུབ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་སྤྱི་གཉེར་ཁང་གི་ལས་གཞི་པུས་དུས་ཚོད་དང་བསྟུན་ནས་ཨར་ལས་སྒྲིག་འཛུགས་ཇུས་གཞི་དང་འཚུབ་བསྟུན་སྔོན་ཇུས་བཟོས་པ་དང་འབྲེལ་ཆེད་མི་བཀོད་སྒྲིག་བྱས་ནས་འགྲིམ་འགྲུལ་ལ་མཐུན་སྦྱོར་དང་བཀོད་འདོམས་བྱས་ཏེ་ཡུལ་སྐོར་བའི་བདེ་འཇགས་དང་ལྗོངས་ཁུལ་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས།དེ་དང་ཆབས་ཅིག་སྤྱི་གཉེར་ཁང་གི་ཐོན་ཁུངས་ནུས་ལྡན་ངང་བསྡུ་སྒྲིལ་བྱས་ནས་ཉམས་མྱོང་ཕུན་སུམ་ཚོགས་པའི་ཤེལ་སྒོ་སྒྲིག་སྦྱོར་ཚོ་ཆུང་བདམས་ཏེ་དུས་གཅིག་ཏུ་ཨར་ལས་བྱས་ནས་ཉིན5ཡི་ནང་ཤེལ་སྒོ་ཆེན་པོ112སྒྲིག་སྦྱོར་བྱས་ཏེ་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་ཡོད།

ཕན་ཚུན་རོགས་རེས་དང་སློབ་སྦྱོང་བྱས་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་གསོན་ཉམས་དཔེ་མཚོན་ལག་བསྟར་བྱས།

2004ལོར་སི་ཁྲོན་དུ་འཚོགས་པའི་སྐབས་གསུམ་པའི་སི་ཁྲོན་དང་ཡུན་ནན།བོད་ལྗོངས་བཅས་ཀྱི་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་ཡུལ་སྐོར་མཐུན་སྦྱོར་ཚོགས་འདུའི་ཐོག་སི་ཁྲོན་དང་།ཡུན་ནན།བོད་ལྗོངས་བཅས་ཞིང་ཆེན་གསུམ་དབར་ངོས་འཛིན་གཅིག་མཐུན་བྱུང་ནས“སེམས་ཀྱི་ཉི་ཟླ་ཆེན་པོ”ཞེས་པའི་ས་ཁུལ་གྱི་ཁྱབ་ཁོངས་སུ་ཞིང་ཆེན་གསུམ་གྱི་རྫོང(ཆུས)82ཚུད་ཡོད། ལྟེ་བའི་ཁུལ་དུ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་པས་ཉི་སྟེན་གྲོང་སྡེའི་ལྗོངས་ཁུལ་ནི་ལྟེ་བའི་ཁུལ་གྱི་གསལ་བྱེད་ཞིག་ཏུ་གྱུར་ཡོད།

རང་བྱུང་ཁམས་ཀྱི་ནོར་བུ་དང་རིག་གནས་ཀྱི་ནོར་བུ་ཇི་ལྟར་བེད་སྤྱོད་ཡག་པོ་གཏོང་དགོས་སམ། ཉི་སྟེན་གྲོང་སྡེ་སྲུང་སྐྱོང་དང་སླར་གསོ་འཆར་འགོད་ཇུས་གཞི་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་།འདབ་པའི་རྫོང་གིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་ཏེ

“འཛམ་གླིང་རིམ་པའི་རིག་གནས་ཡུལ་སྐོར་གྱི་མཚོན་བྱེད་གསར་པ”ཞེས་པའི་བཀྲག་མདངས་འཚེར་སའི་གྲོང་ཁྱེར་གྱི་མིང་བྱང་དེ་རྒྱུན་ཆད་མེད་པར་གསལ་དུ་བཏང་ཡོད། ཤམ་བྷ་ལ་རིག་གནས་དངོས་མང་བཤམས་སྟོན་ཁང་གཏོད་པའི་ཁྲོད་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་འཚོལ་ཞིབ་ཧུར་ཐག་དང་།ས་གནས་ཀྱི་ཁྱད་ཆོས་རིག་གནས་དང་མཉམ་འདྲེས་བྱས་པ།སྣ་མང་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ།ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པ་བཅས་བྱས་ཏེ་འདབ་པའི་ལམ་བུ་ཇེ་ཡངས་སུ་གཏོང་བཞིན་ཡོད།

ཤམ་བྷ་ལ་རིག་གནས་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་ལ་སོང་བའི་ཚེ་རོགས་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་ཡེ་ཤེས་ལྷ་མོས་གསར་འགོད་པར་ཉི་སྟེན་གྲོང་སྡེའི་འཕེལ་རྒྱས་འདུ་ཤེས་ལ་ང་ཚོས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད། ཚེ་རོགས་ཡུལ་ཤོག་དེ་གཟུགས་མེད་རིག་གནས་ཤུལ་བཞག་གི་ཕ་ཡུལ་ཡིན་པའི་ངོས་ནས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཨ་སྐྱིད་ས་རྫ་དང་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྡེ་གསར་ཤིང་བརྐོ་ལག་རྩལ་ཡོད་པ་དང་།ད་རེས་ཀྱི་རྟོག་ཞིབ་དང་སློབ་སྦྱོང་དེ་ཚེ་རོགས་ཡུལ་ཤོག་གིས་ཕྱིན་ཆད་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་དང་མང་ཚོགས་ཀྱི་འབབ་འཕར་གཏོང་བར་བློ་སྒོ་འབྱེད་རྒྱུ་དང་དཔྱད་གཞིར་འཛིན་པའི་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད་ཅེས་བཤད།

འདབ་པ་རྫོང་ཉི་སྟེན་གྲོང་སྡེ་སྲུང་སྐྱོང་དང་སླར་གསོ་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ལས་དོན་མི་སྣ་ཞེ་ཧྥུང་གིས“ཤམ་བྷ་ལ་རིག་གནས་དངོས་མང་བཤམས་སྟོན་ཁང་བརྒྱུད་ནས་རིག་གནས་སྤེལ་རེས་ཀྱི་འབྲེལ་ཟམ་བཙུགས་ཏེ་བོད་རིགས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་སྙིང་སྟོབས་མངོན་པར་བྱས་ཡོད།དེ་ལྟར་བྱས་ན་མི་དེ་བས་མང་པོས་འདབ་པར་དོ་ཁུར་བྱས་ནས་ཡུལ་སྐོར་དུ་ཡོང་བ་དང་རིག་གནས་རྒྱུན་འཛིན་དེ་བས་ཡག་པོ་ཐུབ། འདབ་པ་རྫོང་ཉི་སྟེན་གྲོང་སྡེ་སྲུང་སྐྱོང་དང་སླར་གསོ་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་སྦྲགས།ཤམ་བྷ་ལ་རིག་གནས་དངོས་མང་བཤམས་སྟོན་ཁང་ཡང་མི་རིང་བར་ཚང་མར་བསྟན་རྒྱུ་རེད། སྐབས་དེར་འདབ་པ་རྫོང་ནི་འཛམ་གླིང་ཡོངས་ལ་ཤམ་བྷ་ལ་རིག་གནས་འགྲེམས་སྟོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་དང་ཡུལ་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་ཐེབས་རྒྱུ་རེད། དེ་དང་ཆབས་ཅིག་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་མི་རིགས་མཐུན་སྒྲིལ་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་རེད་ཅེས་བཤད།

ཕྱིན་ཆད་ལས་ཀའི་ནང་།འདབ་པ་རྫོང་གིས་ཞིང་ཨུའི་ཅན་བཞི་མཉམ་སྤེལ་དང་གྲོང་ཡུལ་མཉམ་འདྲེས།ཁུལ་ལྔ་མཉམ་དར”བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་དམིགས་ནས་ཁུལ་ཨུའི་སྤྱིའི་ལས་ཀའི་རྣམ་པ་སྤྱི་འདོམས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཆང་བ་གཙོ་རྐང་དུ་བྱས་ནས་གོ་སྐབས་དམ་འཛིན་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ཕོད་པ་དང་།སྒྲུབ་ཕོད་པ།ཡག་ཐོག་ཡག་རྩེག་བཅས་བྱས་ཏེ་གངས་རིའི་གནའ་རྫས་རྟོག་ཞིབ་གནམ་རིག་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་བྱས་ཏེ་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ས་རྟགས་གསར་པ་མགྱོགས་སུ་གཏོད་དེ་འདབ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་ཧུར་ཐག་བརྩམ་རྒྱུ་ཡིན་པ་རེད།།



  • ལེ་ཚན་སྔོན་མ།:ཞུ་འཕྲིན་དབྱར་གྱི་རྔ་སྒྲ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།