རྟའུ་རྫོང་དུ་རི་དྭགས་རྔོན་མཁན་གཉིས་བཟུང་འདུག།

ཨོ་རྒྱན་གྱིས་བསྒྱུར།        2023-10-26

  སྤྱི་ཟླ10པའི་ཚེས19ཉིན་ཀྲུང་གོ་གསར་འགྱུར་དྲ་བ་དང་སི་ཁྲོན་གསར་འགྱུར་དྲ་བ་ནས་གློག་འཕྲིན་འབྱོར་གསལ་ལྟར་ན། ཉེ་ཆར། དཀར་མཛེས་ཁུལ་རྟའུ་རྫོང་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་གྱིས་སྟོང་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཞིག་རྩད་ཆོད་ནས་དོགས་ཡོད་ཉེས་ཅན2བཟུང་པ་རེད།

རྟའུ་རྫོང་དུ་རི་དྭགས་རྔོན་མཁན་གཉིས་བཟུང་འདུག།
དོགས་ཡོད་ཉེས་ཅན་གྱིས་ཉེས་བསགས་ཡུལ་དངོས་སྟོན་བཞིན་པ།

     ཤེས་རྟོགས་བྱུང་བར་གཞིགས་ན། རྟའུ་རྫོང་སྤྱི་བདེ་ཅུས་སྦ་ཞབས་བྲག་དཀར་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྒྱུན་ལྡན་ལྟར་ཉེན་ཟོན་སྐོར་ཞིབ་བྱེད་སྐབས། ལྕགས་སྐུང་ཡུལ་ཤོག་གླག་ཤེས་མ་སྡེ་བའི་ནགས་གསེབ་ཞིག་ཏུ་གནས་སྐབས་ཀྱི་སྤྱིལ་བུ་ཞིག་ཏུ་རྔོན་རྒྱག་ཡོ་བྱད་འགའ་སྐུང་ཡོད་པ་དང་།མི་ངན་སྐོར་ཞིག་གིས་རི་སྐྱེས་སྲོག་ཆགས་ལྐོག་ཏུ་རྔོན་བཞིན་ཡོད་པ་ཤེས་འཕྲལ། རྫོང་སྤྱི་བདེ་ཅུས་ལ་སྙན་སེང་ཞུས་རྗེས་མཐོང་ཆེན་ཐོབ་ནས་ལམ་སང་ཆེད་དོན་གྱོད་གཞི་ཚོ་ཆུང་བཙུགས་ནས་རྩད་གཅོད་བྱས།

     གྱོད་གཞི་ཐོན་ཡུལ་གྱི་ས་གནས་ནི་མཚོ་འཕགས་སྨི4000ཙམ་ཡོད་ལ། རི་བོ་མཐོ་ཞིང་ལམ་ཐག་རིང་། སྤྱི་ཟླ10པའི་ཚེས15ཉིན་གྱི་ཞོགས་པར། མི་དམངས་ཉེན་རྟོག་པ་ཉེས་གསོག་དོགས་ཡོད་ཁུལ་དུ་བསྐྱོད་ཅིང་། ཉིན་གཅིག་གི་རིང་ལ་འབད་འཐབ་དང་བཙལ་འཚོལ་བྱས་པ་བརྒྱུད། མཐར་ལྕགས་སྐུང་ཡུལ་ཤོག་གླག་ཤེས་མ་སྡེ་བའི་རི་སྒང་གི་ནགས་ཀླུང་ཞིག་ཏུ་སྦས་སྐུང་བྱེད་ས་སྟབས་བདེ་བའི་སྤྱིལ་བུ་ཞིག་གི་ནང་དུ། སྟོང་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་རྔོན་མཁན་དོགས་ཡོད་ཉེས་ཅན་དབྱང་ཆེ་གེ་མོ་འཛིན་བཟུང་བྱས་ཤིང་། སྤྱིལ་བུ་དེའི་ནང་དུ་རི་དྭགས་གླ་བའི་ཤ་རྒྱ་མ18.4རྩད་ཆོད་ཐུབ་པ་རེད།

     འདྲི་གཅོད་གློ་བུར་དུ་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་དབྱང་ཆེ་གེ་མོས་རི་དྭགས་གླ་བ་བསད་ནས་གླ་རྩི་འཚོལ་བཞིན་ཡོད་པའི་གནས་ཚུལ་ཇི་མ་ཇི་བཞིན་དུ་ཁས་བླངས་ཡོད་པ་རེད། སྡེ་བའི་མི་སེར་ཐུབ་ཆེ་མོའི་རོགས་འདེགས་འོག། ནགས་གསེབ་ཏུ་ལྕགས་སྐུད་ཀྱི་རྙི་རྒྱ་མང་པོ་བཞག་ཡོད་པ་ཕྱིར་བླངས་ཤིང་། དེའི་ཁྲོད་རྙི་རྒྱ་ཞིག་གིས་གླ་མོ་ཞིག་ཀྱང་བཟུང་ཡོད་པ་རྙེད། མི་དམངས་ཉེན་རྟོག་པས་ནགས་གསེབ་ཏུ་སྔོག་བཤེར་བྱས་པས་དབྱང་ཆེ་གེ་མོས་རྙི་རྒྱ30ལྷག་ཙམ་ནགས་ཁྲོད་གང་སར་བཞག་ཡོད་པ་ཤེས།

     དེའི་རྗེས་སུ། དོགས་ཡོད་ཉེས་ཅན་དབྱང་ཆེ་གེ་མོའི་རོགས་པ་ཐུབ་ཆེ་གེ་མོས་ཀྱང་གནོན་ཤུགས་ཀྱིས་མ་བཟོད་པར་རང་འགུལ་ངང་སྤྱི་བདེ་ཉེན་རྟོག་པར་མགོ་བཏགས་ཡོད་པ་རེད།

     མིག་སྔར། གྱོད་གཞི་འདིའི་ཐད་རྟའུ་ཉེན་རྟོག་ཕྱོགས་ཀྱིས་མུ་མཐུད་དེ་མྱུལ་ཞིབ་དང་རྩད་གཅོད་བྱེད་བཞིན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་མདོ་གྲོང་ཁྲོམ་གཞུང་གིས་ཆེད་ལས་ཕྱེད་མ་དཔུང་ཁག་ལ་མེ་གསོད་རྩལ་ནུས་ཚད་ལོན་འགྲན་བསྡུར་བྱས།
  • ལེ་ཚན་རྗེས་མ།:དར་མདོའི་གདན་ཐོག་རི་བོའི་ཕུག་ལམ་དང་པོའི་གཡས་དུང་ཕུག་ཚར།
  • དོ་སྣང་ཆེ་བའི་རྩོམ།