ཀུན་དགས་བསྒྱུར། 2023-10-23
དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཁན་པོ་དང་ལག་ཤེས་བཟོ་རྩལ་ཐོན་རྫས་ཁྲེང་ཏུའུ་ལ་མངོན།
ཀྲུང་གོའི་ཁྲེང་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་སྐབས་བརྒྱད་པའི་དཀར་མཛེས་ཡན་ལག་ཚོགས་རའི་ཡུལ་དངོས།
སྤྱི་ཟླ10པའི་ཚེས12ཉིན། ཀྲུང་གོའི་ཁྲེང་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་སྐབས་བརྒྱད་པར་རང་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས10(གཤམ་དུ་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་ཞེས་བསྡུས་ཡོད)འགྲེམས་སྟོན་བྱས་ཡོད། སྐབས་འདིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་གྱི་གཙོ་དོན་ནི་ཁ་ཆད་ལག་ལེན་མཉམ་སྤྱོད་བྱས་ནས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་དགོས་ཞེས་པ་དེ་ཡིན་ཞིང་། གླིང་ལྔའི་གཟུགས་མེད་རིག་གནས་ཤུལ་བཞག་དང་། ཀྲུང་གོའི་གཟུགས་མེད་རིག་གནས་ཤུལ་བཞག། སི་ཁྲོན་གཟུགས་མེད་རིག་གནས་ཤུལ་བཞག། དྲྭ་ཐོག་གི་གཟུགས་མེད་རིག་གནས་ཤུལ་བཞག་བཅས་ཁག་ཆེན་པོ་བཞི་བཀོད་སྒྲིག་བྱས་ཡོད། གོ་ལ་ཧྲིལ་པོའི་རྒྱལ་ཁབ(ས་ཁུལ)47དང་རྒྱལ་ནང་གི་ཞིང་ཆེན(རང་སྐྱོང་ལྗོངས)ཁག་ནས་ཡོང་བའི་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས900ལྷག་དང་། གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་དང་སྲོལ་རྒྱུན་འཁྲབ་སྟོན་པ། ཀྲུང་ཕྱིའི་སྐུ་མགྲོན་བཅས6000ལྷག་ཁྲེང་ཏུའུ་རུ་འཛོམས་ནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཏེ་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་གཞག་ལ་སྐུལ་བའི་ཚོགས་འདུ་གཟབ་རྒྱས་ཤིག་གཉེར་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་འཚེམ་དྲུབ་ལ་རོལ་མྱོང་བྱེད་བཞིན་དུ་གྲོགས་པོ་དང་སྤེལ་རེས་བྱེད་མཁན་མཁྱེན་ལྡན་མ་དབྱང་ལགས་ཀྱིས་རི་མོ་ཞིབ་ཚགས་པ་དང་། བཀོད་པ་སྟབས་བདེ་བ། ཚོན་མདངས་ཀྱི་བསྡུར་ཚད་ཆེ་བ་བཅས་ཡོད་པས་འཚེམ་དྲུབ་ཀྱི་སྒྱུ་རྩལ་བརྩམས་ཆོས་དེ་ཧ་ཅང་ཡག་པོ་འདུག་ཅེས་རྒྱལ་རོང་གི་ལག་ཤེས་ལ་བསྔགས་བརྗོད་ཚད་མེད་གནང་།
གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། མཁྱེན་ལྡན་མ་དབྱང་ལགས་ཀྱིས་བསྔགས་བརྗོད་བྱས་པའི་རྒྱན་གོས་བརྩམས་ཆོས་དེ་ནི་རྒྱལ་རོང་ལག་ཤེས་འཚེམ་དྲུབ་ཀྱི་མཚོན་བྱེད་རང་བཞིན་གྱི་བརྒྱུད་འཛིན་པ་ཁམས་ཀྱི་ཕུལ་དུ་བྱུང་བའི་ལག་ཤེས་པ་བཀྲ་ཤིས་ལྷ་མོའི་ལག་ནས་ཐོན་པ་ཡིན་ཞིང་། བརྩམས་ཆོས་དེ་ནི་མི་རིགས་ས་ཁུལ་ཁག་གི་འཚེམ་དྲུབ་ལག་རྩལ་དང་ཟུང་འབྲེལ་བྱེད་པའི་རྨང་གཞིའི་ཐོག་བཟོ་པ་རྣམས་ཀྱིས་རྩེར་སོན་གྱི་ལག་རྩལ་ལ་བརྟེན་ནས་ལོ་རྒྱུས་ཡུན་རིང་ལྡན་པ་དང་སྐད་གྲགས་ཆོད་པའི་རོང་བྲག་གི་བོད་ཀྱི་འཚེམ་དྲུབ་རིག་གནས་ཐོག་ནས་མངོན་པར་བྱས་ཏེ་མི་རིགས་ཀྱི་རྒྱན་གོས་ཁྲོད་དམིགས་བསལ་ཞིག་ཏུ་གྱུར་ཡོད།
སྡེ་དགེ་རྫོང་ནས་ཡིན་པའི་ཁུལ་རིམ་པའི་བརྐོས་དཔར་མའི་བརྒྱུད་འཛིན་པ་དང་། ཁམས་ཀྱི་བཟོ་རྩལ་མཁས་ཅན། སྡེ་དགེ་པར་ཁང་གི་བཀའ་བསྟན་པར་ཁང་བཅས་བསྐྱར་བརྐོས་ལས་གྲྭའི་འགན་འཁུར་བ་འཇམ་དབྱངས་གྲགས་པའི་བརྐོས་པར་བརྩམས་ཆོས་ལས་སྡེ་དགེ་པར་ཁང་གི“གངས་ལྗོངས་བོད་རིགས་ས་ཁུལ་གྱི་པར་ཁང་གི་ཚད་ལྡན་པར་གཞི་རྩེ་གྲའི”ཚད་ཤིང་གྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད། གསེར་རྟ་རྫོང་གི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྟེ་གླིང་སྒྲུང་གི་ཚོན་བྲིས་རྡོ་བརྐོས་མཚོན་བྱེད་རང་བཞིན་གྱི་བརྒྱུད་འཛིན་པ་ལུང་དབྱིང་གི་བརྩམས་ཆོས་ལས་ཡུལ་དངོས་ཀྱི་ལྟད་མོ་བར་བོད་ཀྱི་སྒྱུ་རྩལ་དང་སྐྱེ་དངོས་ཐམས་ཅད་ཕན་ཚུན་གཅིག་བརྟེན་གཅིག་འགྲོགས་ཡིན་པའི་ཚོར་སྣང་སྟེར།
ཀརྨ་སྒར་བྲིས་དང་། གླིང་སྒྲུང་གི་ཚོན་བྲིས་རྡོ་བརྐོས། སྡེ་དགེ་པར་ཁང་གི་པར་འདེབས་ལག་རྩལ། བོད་ཡིག་ཡིག་གཟུགས། བོད་རིགས་ཀྱི་ལྕགས་རིགས་བཟོ་རྩལ། ཟུར་ལུགས་བོད་སྨན། དཀར་མཛེས་རྡོག་བྲོ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས་ཚང་མ་དཀར་མཛེས་ཁུལ་གྱི་ཚོགས་ར་གཙོ་བོའི་འགྲེམས་ཁང་དུ་སྤོས་ཡོད། ལུས་ལ་མི་རིགས་ཀྱི་རྒྱན་གོས་སྤྲས་པའི་བརྒྱུད་འཛིན་པ་དང་དེ་བཞིན་རིག་གནས་གསར་གཏོད་ཁེ་ལས་ཡང“གླིང་ལྔའི་གཟུགས་མེད་རིག་གནས་ཤུལ་བཞག”འགྲེམས་སྟོན་དང་འཁྲབ་སྟོན་བྱེད་སྒོར་ཞུགས་ཡོད། ཐེན་ཧྥུ་སྐོར་སྐྱོད་ཆེན་མོ་ཞེས་པའི་བྱེད་སྒོའི་ནང་རང་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས་ཏེ་འབའ་གཞས་ཀྱིས་ཀྱང་ཡུལ་དངོས་མང་ཚོགས་ཀྱི་ཡིད་དབང་འཕྲོག་ཡོད།
ཧྲན་ཞི་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཀྲའོ་ལགས་ཀྱིས་ངས་ཆེས་དགའ་ས་ནི་འབའ་གཞས་ཡིན། དེ་ནི་སྒྱུ་རྩལ་དང་ཉམས་འགྱུར་གྱི་མཚོན་བྱེད་ཅིག་རེད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་སྔོན་དཀར་མཛེས་ཁུལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་དང་། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་ཐོ། ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་ཚུད་ནས་རྣམ་གྲངས་ཀྱི་གྲངས་འབོར་ཚང་མ་སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད།
ཁུལ་རིག་གནས་དང་རྒྱང་བསྒྲགས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དཀར་མཛེས་ཁུལ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་རིག་གནས་འོད་སྟོང་འཕྲོ་བའི་འབྱུང་ཁུངས་ཤིག་ཡིན་ཞིང་། མི་རིགས་རིག་གནས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ལ་ནང་དོན་ཟབ་པ་དང་།ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་མི་རིགས་ཁག་ས་གཞི་དེར་འཚོ་གནས་དང་འཕེལ་རྒྱས་བྱུང་བར་མ་ཟད།འོད་སྟོང་འཕྲོ་བའི་ཤེས་དཔལ་བཏོད་ནས་གཟུགས་མེད་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པ་བཞག་ཡོད། ད་ཐེངས་ཀྱི་བྱེད་སྒོ་དེ་གཟུགས་མེད་རིག་གནས་ཤུལ་བཞག་དང་ཟུང་འབྲེལ་གྱིས་སྤྱི་ཁུལ་དང་། ལྗོངས་ཁུལ། སློབ་གྲྭ་བཅས་སུ་སྤེལ་ནས་མང་ཚོགས་མང་པོ་ཞིག་དེའི་ནང་ཞུགས་པར་ཡིད་དབང་བཀུག་སྟེ་གཟུགས་མེད་རིག་གནས་ཤུལ་བཞག་དང་དུས་ཆེན་རིང་སྤྱི་ཁུལ་གྱི་ལག་ལེན་བྱེད་སྒོ་ངོ་མཚར་ཆེ་ལ་གང་སར་ཁྱབ་པར་བྱས་ནས་ཁུལ་ཡོངས་སུ་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཚ་རླབས་གསར་པ་འཕྱུར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་སྔའི་བར་རང་ཁུལ་ལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་གཞུང་རྣམ་གྲངས4དང་།རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས25དང་། ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས140དང་། ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས681བཅས་ཡོད་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་གི་ལས་ཞུགས་མི་སྣའི་བསྡོམས་འབོར་ཁྲི2ལྷག་ཟིན་ཡོད། དེའི་ནང་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་བརྒྱུད་འཛིན་པ11དང་། ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་བརྒྱུད་འཛིན་པ101དང་། ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་བརྒྱུད་འཛིན་པ967བཅས་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10