དཔེ་དེབ་མཉམ་དུ་སྤྱོད།། ཕན་ཚུན་སློབ་སྦྱོང་བྱེད།།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-10-25

ཐེན་ཧྥུ་དཔེ་དེབ་འགྲེམས་སྟོན་དཀར་མཛེས་ཡན་ལག་འགྲེམས་རའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ།

དཔེ་དེབ་མཉམ་དུ་སྤྱོད།། ཕན་ཚུན་སློབ་སྦྱོང་བྱེད།།
འདི་ནི་ཐེན་ཧྥུ་དཔེ་དེབ་འགྲེམས་སྟོན་དཀར་མཛེས་ཡན་ལག་འགྲེམས་རའི་བྱེད་སྒོའི་ཡུལ་དངོས་རེད།

ཉེ་ཆར། 2023ལོའི་ཐེན་ཧྥུ་དཔེ་དེབ་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་ཁྲེང་ཏུའུ་རུ་འཚོགས་ཤིང་། ཉིན་དེའི་སྔ་དྲོར་རང་ཁུལ་དར་མདོ་གྲོང་ཁྱེར་མཛའ་གཞས་ཐང་ཆེན་དུ་དཔེ་དེབ་མཉམ་དུ་སྤྱོད། ཕན་ཚུན་སློབ་སྦྱོང་བྱེད་ཅེས་པའི་ལོ་འཁོར་གཙོ་དོན་གྱི་ཐེན་ཧྥུ་དཔེ་དེབ་འགྲེམས་སྟོན་དཀར་མཛེས་ཡན་ལག་འགྲེམས་རའི་རིམ་སྤེལ་བྱེད་སྒོ་ཁྲེང་ཏུའུ་ཡི་འགྲེམས་ཡུལ་གཙོ་བོ་དང་དུས་གཅིག་ཏུ་སྤེལ་འགོ་ཚུགས་པ་རེད། འགྲེམས་ཁུལ་དུ་ཁུལ་དཔེ་མཛོད་ཁང་གིས་ལེགས་འདེམས་བྱས་པའི་རྩོམ་རིག་དང་། སྤྱི་ཚོགས་ཚན་རིག། བཅའ་ཁྲིམས། ས་གནས་ཀྱི་ཚད་ལྡན་ཡིག་ཆ་དང་དུས་དེབ་སོགས་རྒྱ་ཆེ་བའི་ཀློག་པ་པོར་གཡར་ཀློག་གི་དཔེ་ཆ་མང་པོ་སྒྲིག་འཇོག་བྱས་ཡོད་པར་མ་ཟད། མཉམ་འགུལ་ཉམས་ལེན་ཁུལ་གྱིས་བཀོད་སྒྲིག་བྱས་པའི་དཔེ་དེབ་ཁྱེད་ཀྱིས་འདེམས་དང་རིན་པ་ང་ཡིས་སྤྲོད་ཅེས་པའི་བྱེད་སྒོས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་ཡིད་དབང་བཀུག་ཡོད་པ་རེད།

ཐེན་ཧྥུ་དཔེ་དེབ་འགྲེམས་སྟོན་ལ་དཔེ་ཆ་མ་རྫོགས་བར་དུ་འགྲེམས་སྟོན་མཇུག་མི་སྒྲིལ་བའི་རྣམ་པ་ཞིག་མངོན་པ་རེད། ཉིན་ཤས་བསྟུད་མར་དང་བླངས་ཞབས་ཞུ་དང་འཆད་ཁྲིད་གླེང་སྟེགས་སོགས་ངོ་མཚར་བའི་བྱེད་སྒོ་རབ་དང་རིམ་པ་རང་ཁུལ་གྱི་འགྲེམས་ར་ཁག་ཏུ་རེས་མོས་ངང་སྤེལ་ནས་རྒྱ་ཆེ་བའི་མང་ཚོགས་ལ་དཔེ་ཀློག་གི་ཡིད་དབང་འཕྲོག་ཤུགས་དང་སྤྲོ་སྣང་མངོན་པ་དང་ཆབས་ཅིག། དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་གདལ་དང་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས་སྤྱི་ཚོགས་ཡོངས་ཀྱིས་དཔེ་དེབ་མང་ཙམ་ཀློག་པ་དང་།དཔེ་དེབ་ཡག་པོ་ཀློག་པ།དཔེ་དེབ་ཀློག་མཁས་པ་བཅས་ཀྱི་དཔེ་ཆ་བའི་རིག་གནས་ཁོར་ཡུག་དང་འཚོ་བའི་མཛེས་རིག་གི་ཁོར་ཡུག་ཉིན་རེ་བཞིན་ཇེ་ཡག་ཏུ་གྱུར་པ་རེད།

དེབ་སྲུང་དང་བླངས་པ་ཆུང་ཆུང་གི་བྱེད་སྒོ་ཁུལ་དཔེ་མཛོད་ཁང་དུ་སྤེལ་བ་དང་། དར་མདོ་གྲོང་ཁྱེར་ནུབ་ཁྲོམ་སློབ་ཆུང་གི་དེབ་སྲུང་པ20ལྷག་ལས་དོན་མི་སྣའི་སྣེ་ཁྲིད་འོག་དགའ་སྤྲོའི་ངང་གྲོང་ཁྱེར་དེའི་དཔེ་མཛོད་ཁང་ལ་ལྟ་སྐོར་བྱེད་བཞིན་མཆིས། དཔེ་མཛོད་ཁང་གི་དོ་དམ་པའི་ལས་གནས་ཀྱི་འགན་འཁྲི་ཤེས་རྟོགས་དང་དཔེ་མཛོད་ཁང་དུ་ཉར་ཡོད་པའི་དཔེ་དེབ་གཡར་ཀློག་བྱེད་པའི་བརྒྱུད་རིམ་ཁོང་དུ་ཆུད་པ། དཔེ་མཛོད་ཁང་གི་དཔེ་དེབ་རིགས་བགལ་ཁུལ་སོགས་ལ་རྒྱུས་ལོན་བྱས། དེབ་སྲུང་དང་བླངས་པ་ཆུང་ཆུང་ཚོས་ཞིབ་ཕྲའི་སློབ་སྦྱོང་བྱས་པར་བརྒྱུད་འཕྲལ་དུ་ལས་གནས་ཐོག་བསྐྱོད་དེ་དཔེ་དེབ་དང་ཚགས་པར། དུས་དེབ་བཅས་རིགས་དབྱེ་ལེགས་སྒྲིག་བྱས་པ་དང་འབྲེལ་གཏན་ཁེལ་བྱས་གནས་སུ་འཇོག་པ་སོགས་ཀྱི་ལས་ལ་བྲེལ།

ཁུལ་དཔེ་མཛོད་ཁང་དུ་སྤེལ་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅངས་ནས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏང་དགོས་ཞེས་པའི་ཆེད་དོན་འཆད་ཁྲིད་དེ་དཀར་མཛེས་ཡན་ལག་འགྲེམས་ཡུལ་གྱི་བར་ཚིགས་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ། འཆད་ཁྲིད་བྱེད་རིང་ཁུལ་ཨུ་ཏང་གི་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན་བསྟན་འཛིན་གྱིས《བོད་རིགས་ཀྱི་སྲོལ་རྒྱུན་བཀྲ་ཤིས་རིག་གནས་མཚོན་རྟགས》ཀྱི་གཙོ་དོན་ལ་དམ་པོར་དམིགས་ནས་དོན་སྙིང་ཟབ་ལ་གོ་བདེ་བའི་སྒོ་ནས་སྲོལ་རྒྱུན་གྱི་རིག་གནས་མཚོན་རྟགས་གསོན་ཤུགས་འཕེལ་བ་དང་མི་རྣམས་ཀྱི་སེམས་ཀྱི་ཟབ་ས་གནས་པའི་རིག་གནས་ཀྱི་གདེང་ཚོད་འཕེལ་བར་བྱས་པས་ལས་བྱེད་ལས་བཟོ80ལྷག་གི་དགའ་བསུ་ཡང་ཡང་ཐོབ། ཚང་མས་གཅིག་རྗེས་གཉིས་མཐུད་ངང་མི་རིགས་ཁག་གིས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་མངོན་གསལ་དོད་པོས་འཛུགས་པ་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་བརྒྱུད་འཛིན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་གུས་འདུད་ཞུ་བ་བཅས་ནི་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལག་ལེན་དངོས་ཤིག་རེད་ཅེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེན་ཧྥུ་དཔེ་དེབ་འགྲེམས་སྟོན་དཀར་མཛེས་ཡན་ལག་འགྲེམས་ཡུལ་གྱི་བྱེད་སྒོ་ནི་དུས་རབས་གསར་པར་རང་ཁུལ་གྱིས་རང་རྟོགས་ངང་རིག་གནས་ཀྱི་ལས་འགན་གསར་པ་འཁུར་བ་དང་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་ཀྱི་བྱ་ཐབས་ཤིག་རེད། ད་ཐེངས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཁུལ་ཨུ་དྲིལ་བསྒྲགས་པུའུ་དང་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཅུས་དང་ཡུལ་སྐོར་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཁུལ་དཔེ་མཛོད་ཁང་དང་ཁུལ་ཤིན་ཧྭ་དཔེ་ཚོང་ཁང་། དར་མདོ་གྲོང་ཁྱེར་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས། དར་མདོ་གྲོང་ཁྱེར་དཔེ་མཛོད་ཁང་སོགས་ཀྱིས་གཉེར་འགན་འཁུར་བ་རེད། ཁྱོན་བསྡོམས་ཀློག་པ་པོ800ལྷག་ལ་སྣེ་ལེན་ཞུས་པ་དང་ཀློག་པ་པོའི་བློ་འདྲི100ལྷག་ལ་ལན་བསྐྱོན། དགའ་འདོད་དཔེ་དེབ200ལྷག་བཀྲམ། འདི་དག་ཐམས་ཅད་ནི་ལྟ་ཀློག་མཁོ་སྤྲོད་རྒྱུན་མཐུད་ངང་ཕུན་སུམ་ཚོགས་སུ་གཏོང་བ་དང་། དཔེ་ཀློག་ཞབས་ཞུ་རྒྱུན་མི་ཆད་པར་གསར་གཏོད་བྱེད་ཅིང་།“དཔེ་ཀློག་དཀར་མཛེས”ཀྱི་མིང་བྱང་རྒྱུན་མཐུད་ངང་གསལ་བཟོ་བཅས་བྱས་ནས་དུས་རབས་གསར་པར་རིག་གནས་ལ་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་ནོ།།




  • ལེ་ཚན་སྔོན་མ།:མཐོ་སྒང་གྲོང་སྡེའི་ནས་ལོ་ཡག་བྱུང་།
  • ལེ་ཚན་རྗེས་མ།: ཆིང་དབྱང་ཆུས་ཀྱིས་ཁྲེང་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་དུ་སྡེ་རོང་གི་གཟུགས་མེད་རིག་གནས་ཤུལ་བཞག་སྟོན་པར་རོགས་རམ་བྱས།
  • དོ་སྣང་ཆེ་བའི་རྩོམ།