ལོ་གཅིག་ལ་ལོ་ལེགས་བྱུང་བའི་རྣམ་པ་སླར་ཡང་མངོན།

ཀུན་དགས་བསྒྱུར།        2023-10-30

འདབ་པ་རྫོང་ལྷ་ཟམ་གྲོང་སྡེས་ནས་རྔ་བའི་འགྲན་སྡུར་སྤེལ།

ལོ་གཅིག་ལ་ལོ་ལེགས་བྱུང་བའི་རྣམ་པ་སླར་ཡང་མངོན།
བརྔ་བསྡུ་འགྲན་སྡུར་ནང་བྱ་དགའ་ཐོབ་མཁན་ཚོའི་མཉམ་པར།

སྟོན་ཀའི་བསིལ་རླུང་དལ་གྱིས་ལྡང་།། གསེར་མདོག་སྙེ་མའི་མགོ་ལྕོག་ལྡེམ།། ཞིང་ཁ་ཞིང་ནང་གང་ས་ཀུན།། སོན་ནམ་ཞིང་པ་ལས་ལ་བྲེལ།། ད་སྔར་མཚོ་འཕགས་སྨི3800ལ་ཟིན་པའི་འདབ་པའི་རྫོང་དགའ་ཐང་གྲོང་རྡལ་ལྷ་ཟམ་གྲོང་སྡེར་བསིལ་རླུང་དལ་གྱིས་ལྡང་བ་དང་ཆབས་ཅིག་ནས་ཞིང་དུ་གསེར་མདོག་སྙེ་མའི་རྦ་རླབས་འཕྱུར་བ་དང་དྲི་ཞིམ་གྱིས་ཁེངས་ཤིང་། ཡུག་གཅིག་ཏུ་འབྲེལ་བའི་ནས་ཀྱི་སྣ་རིགས་མང་པོར་འབྲས་བུ་ཐོན་ཡོད།

ཉེ་ཆར། ལྷ་ཟམ་གྲོང་སྡེའི་གྲོང་སྡེ་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་ཆོས་འཛིན་གྱིས་ཁྱབ་བསྒྲགས་བྱས་འོག“ལོ་ལེགས་ལ་དགའ་སྟོན་དང་ཞི་མཐུན་ལ་སྐུམ་མ”ཞེས་པས་གཙོ་དོན་བྱས་པའི་ལྷ་ཟམ་གྲོང་སྡེའི2023ལོའི་ནས་བརྔ་བསྡུ་འགྲན་སྡུར་གྲོང་སྡེ་དེའི་སྣ་མང་ནས་ཀྱི་ཚོད་ལྟའི་ཞིང་ནང་དུ་འགོ་བཙུགས།

ཤན་འབྱེད་པའི་ཤུ་སྒྲ་དང་བསྟུན་ནས་མི་ཐབས་ལ་བརྟེན་ནས་བརྔ་བསྡུ་འགྲན་སྡུར་དངོས་སུ་འགོ་ཚུགས་ཤིང་། འགྲན་ཞུགས་པ་ཚོས་ལག་ཏུ་ཟོ་ར་བཟུང་ནས་སྟོབས་ཤུགས་དང་ལག་རྩལ་ངོམས་པ་དང་། གཅིག་རྗེས་གཅིག་ལ་ལུས་དོགས་ཀྱིས་ནས་རྔ་སྡོམ་སྤུངས་གསུམ་དུ་ཧུར་ཐག་ཞུགས། ཞིང་དུ་ཀི་སྒྲ་དང་། དགོད་སྒྲ། ཤུགས་རྒྱོབ་ཀྱི་སྒྲ་ཡིས་ཡོངས་སུ་ཁེངས།

བྱེད་སྒོ་སྤེལ་ཡུལ་དུ་གྲོང་སྡེ་དེའི་ཞིང་འཕྲུལ་ཁ་ལོ་བས་ཞིང་འཕྲུལ་བཀོལ་སྤྱོད་ཀྱི་རྩལ་ནུས་སྟོན་པ་དང་། ཁོས་བརྔ་བསྡུ་འཕྲུལ་འཁོར་བཏང་ནས་བརྔ་བསྡུ་དང་། འབྲུ་འདོན་པ། གཙང་འདེམས་སོགས་ཀྱི་ལས་རིམ་ཚང་མ་བསྒྲུབས་ནས་དུས་ཡུན་ཐུང་ངུའི་ནང་དུ་ནས་འབྲུ་ཁུག་མར་བླུགས་པས་ཚང་མའི་དགའ་བསུ་ཐོབ།

བྱེད་སྒོར་མི་གཅིག་ལ་གསེར་གྱི་ཟོ་ར་ཞེས་པའི་བྱ་དགའ་སྤྲད་པ་དང་། མི་གཉིས་ལ་འཇོན་མི་ཞེས་པའི་བྱ་དགའ་སྤྲད་ཅིང་། མི་གསུམ་ལ་ཧུར་པོ་ཞེས་པའི་བྱ་དགའ་སྤྲད་ཡོད། དེ་རྗེས་ཡུལ་མི་ཚང་མས་སྐོར་བྲོ་འཁྲབ་སྟེ་བྱེད་སྒོའི་མཇུག་བསྡུས་པ་རེད།

དགའ་ཐང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་བཀྲ་ཤིས་ཀྱིས་དེ་སྔར་ཡུལ་མི་ཚང་མས་ཟོ་རས་ནས་བརྔས་ནས་བརྡུངས་རྗེས་གཞི་ནས་ཉི་མར་སྐམ་དགོས་པས་དུས་ཚོད་རིང་པོ་འགོར་འགྲོ་ལ་དཀའ་ལས་ཀྱང་ཆེ། ད་ཆར་ཆ་རྐྱེན་ཡག་པས་ཞིང་འཕྲུལ་ཐད་ཀར་ཞིང་ནང་དང་མུ་ཁར་གཏོང་ཆོག་གི་ཡོད། ལོ་འདིར་གྲོང་སྡེས་ནས་བརྔ་བསྡུ་འཕྲུལ་འཁོར་གཅིག་གསར་དུ་ཉོས་པ་ཡིན། སྔ་མ་ཡིན་ན་དུད་ཚང་རེའི་ནས་བརྔ་དགོས་ན་ཉིན་བཞི་ལྔ་འགོར་འགྲོ། ད་ཆ་ཆུ་ཚོད་ཁ་ཤས་ལས་འགོར་གྱི་མེད་པས་མི་ཤུགས་དང་རྒྱུ་ཤུགས་ཧ་ཅང་མང་པོ་བསྲི་ཐུབ་ཡོད་ཅེས་བཤད།

2021ལོ་ནས་བཟུང་། ཞིང་ཆེན་དམག་ཁོངས་ནས་འཐེན་པའི་དམག་མིའི་ལས་དོན་ཐིང་གིས་སྣེ་ཁྲིད་ནས་ཞིང་ཆེན་དང་། ཁུལ། རྫོང་བཅས་ཀྱི་ཞིང་ལས་ཚན་རིག་ཁང་དང་སི་ཁྲོན་ཞིང་ལས་སློབ་ཆེན་དང་འབྲེལ་བ་བྱས་ཏེ་འདབ་པ་རྫོང་དགའ་ཐང་གྲོང་རྡལ་ལྷ་ཟམ་གྲོང་སྡེར་དཀར་མཛེས་ཁུལ་ལྷོ་ལམ་ཡུག་ཁུལ་གྱི་སྣ་མང་ནས་ཀྱི་ཚོད་ལྟའི་ཞིང་ཁའི་ལས་གཞི་ཞེས་པ་ལག་ལེན་བསྟར་ནས་ཞིང་མུའུ150ནང་བཤུག་བྱས་པ་དང་ནས་ཀྱི་སྣ་ཁ24ནང་འདྲེན་ཚོད་ལྟ་བྱས་ཡོད། ཚོད་ལྟའི་དཔེ་སྟོན་བཀོད་སྒྲིག་གི་བླང་བྱ་དང་སྒྲིག་སྲོལ་གཞིར་བཟུང་ནས། ལྷ་ཟམ་གྲོང་སྡེས་ས་ཁོངས་ཀྱི་ཚོད་ལྟ་དང་ཐོན་སྐྱེད་ཚོད་ལྟའི་འཆར་གཞི་ལྟར་ལག་བསྟར་ནན་པོ་བྱས་ནས་ཚོད་ལྟའི་ཞིང་ཁ་སྔ་ཙམ་འཆར་འགོད་བྱས་པ་དང་། འཕྲུལ་ཆས་སྤྱད་དེ་ས་ཞིང་རྨོ་འདེབས་དང་།གཅིག་གྱུར་འདེབས་འཛུགས། གཅིག་གྱུར་ལུད་རྒྱག་བཅས་བྱུང་བར་བརྟེན་མུའུ་རེའི་ཐོན་ཚད་མཐོ་ཤོས་སུ་སླེབས་ཡོད་པ་རེད།།




  • ལེ་ཚན་སྔོན་མ།:དར་མདོའི་གདན་ཐོག་རི་བོའི་ཕུག་ལམ་དང་པོའི་གཡས་དུང་ཕུག་ཚར།
  • ལེ་ཚན་རྗེས་མ།: ཕྱག་ཕྲེང་རྫོང་གིས་ཁྲོམ་ར་འཁྲུག་པོར་བརྟེན་ནས་ཞིང་ལས་ཁྱད་ཆོས་ཐོན་རྫས་ཕྱིར་འཚོང་བྱས།
  • དོ་སྣང་ཆེ་བའི་རྩོམ།