ཚྭ་ཁ་ལུང་པར་སོང་བའི་མཐོང་ཐོས།

        2023-10-27

ཚྭ་ཁ་ལུང་པར་སོང་བའི་མཐོང་ཐོས།

གླིང་སྒྲུང༼ འཇང་གླིང་གཡུལ་འགྱེད༽ ཅེས་པའི་ནང་དུ། འཇང་ས་དམ་རྒྱལ་པོས་གླིང་གི་ཚྭ་ཁ་ལུང་ལ་དམག་དྲངས་ཏེ་བཙན་འཛུལ་བྱས་པ་ལ། གེ་སར་རྒྱལ་པོས་ལོ་དགུ་ཙམ་ལ་ཕར་རྒོལ་གྱིས་གཡུལ་འགྱེད་བྱས་རྗེས། མཐར་ས་དམ་རྒྱལ་པོ་ཕམ་པ་དང་། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གྱིས་གེ་སར་གྱི་བཀའ་ལྟར་འཇང་གི་རྒྱལ་ས་བཟུང་བ་རེད་ཅེས་གྲགས། ཚྭ་ཁ་ལུང་ཞེས་པ་ནི་སི་ཁྲོན་དང་ཡུན་ནན། བོད་ལྗོངས་གསུམ་གྱི་འབྲེལ་མཚམས་བོད་རང་སྐྱོང་ལྗོངས་ཀྱི་སྨར་ཁམས་རྫོང་གི་ཁོངས་སུ་ཡོད་པས་དེའང་ང་མི་འགྲོ་ཀ་མེད་ཀྱི་ས་ཆ་ཞིག་ཡིན།

བདེ་ཆེན་རྫོང་ནས་ཟླ་ཆུ་འོངས་ཕྱོགས་སུ་སྤྱི་ལེ་བརྒྱ་ཙམ་སོང་རྗེས་སྨར་ཁམས་རྫོང་གི་ས་མཚམས་སུ་སླེབས། དེ་ནས་སྤྱི་ལེ་བཅུ་གཅིག་ཙམ་སོང་རྗེས་སྨར་ཁམས་རྫོང་གི་འཇང་རིགས་ཡུལ་ཤོག་གི་ཁོངས་སུ་སླེབས། འཇང་རིགས་ཡུལ་ཤོག་ནི་སྨར་ཁམས་དང་འབའ་ཐང་། བདེ་ཆེན། མཛོ་སྒང་བཅས་ཀྱི་ས་མཚམས་སུ་བོད་རིགས་དང་འཇང་རིགས་ལྷན་དུ་འདུས་པའི་རོང་ས་ཞིག་རེད། གནས་དེར་སྟར་ཀ་དང་ཀུ་ཤུ་སོགས་སིལ་སྡོང་འདྲ་མིན་སྣ་ཚོགས་སྐྱེས་འདུག། ལུང་པ་ཟབ་མོར་བཞུར་བའི་ཟླ་ཆུའི་ཕར་ཚུར་ཁར་སྐས་རིམ་ལྟར་གཅིག་ཐོག་གཅིག་བརྩེགས་ནས་ཡོད་པའི་ཁང་ལེབ་སྐྱ་མོ་དེ་དག་ནི་ཚྭ་ཞིང་རེད། ང་ཟླ་ཆུའི་ཚུར་ཁ་བཅུ་གཏེར་ཞེས་པའི་གྲོང་པར་སླེབས་དུས། གྲོང་མི་འགའ་ཡིས་ཚྭ་ཞིང་ནང་ལ་ཚྭ་ལས་བྱེད་བཞིན་པའི་སྒང་རེད། ཚྭ་ཞིང་ཞིག་གི་འགྲམ་ལ་སོང་སྟེ་པར་ལེན་དུས། བུད་མེད་ཅིག་གིས་སྒོར་མོ་དགོས་རེད་ཟེར། ངས་ང་ནི་བོད་པ་ཡིན་ཞེས་པར་མོས་བོད་པ་ཡིན་ཡང་དགོས་རེད་ཟེར། ངའི་སེམས་པར་ཁོང་ཚོས་མི་རབས་ནས་མི་རབས་མཐུད་དེ་ཚྭ་ཞིང་འདི་རྒྱུན་འཛིན་བྱེད་བཞིན་ཡོད་པས། ང་ཚོས་ལྟ་ཆོག་ཆོག་དང་པར་ལེན་ཆོག་ཆོག་ག་ན་ཡིན་སྙམ་སྟེ་སྒོར་མོ་ཉི་ཤུ་སྤྲད་ཀྱང་། མོས་དགོད་ཙམ་བྱས་ཏེ་བླངས་མ་སོང་།

རི་ངོས་སུ་ཀ་བ་དང་གདུང་མ་བཅས་ལས་བཞེངས་པའི་ཚྭ་ཞིང་དེ་དག་ནི། རོང་པའི་ནོར་ཟོག་བཙུད་སའི་འཕྱར་ལྡིང་ངམ་ལྡིང་ཁང་ལྟར་དུ་སྣང་། ཐོག་ལ་ནི་ཚྭ་ཆུ་བླུགས་སའི་ཞིང་ཁ་གྲུ་བཞི་མ་རེད། འོག་གི་ཀ་བ་དང་གདུང་མ་ལ་ཚྭ་ཐིགས་མང་པོ་བཏགས་འདུག། ཚྭ་ཞིང་རྣམས་ནི་གཅིག་ལ་གཅིག་སྦྲེལ་ནས་ཡོད་པ་དང་། བར་བར་དུ་ཚྭ་ཆུ་བླུགས་སའི་དོང་ཡང་མང་པོ་འདུག། ངས་དེ་དག་ལ་ལྟ་དུས་ལོ་ན་དྲུག་ཅུ་ཙམ་ལ་སོན་པའི་སྐྱེས་པ་སྐལ་བཟང་སྟོབས་རྒྱས་ཞེས་པ་ངའི་འགྲམ་དུ་སླེབས་བྱུང་། ཁོང་གིས་ཟླ་ཆུའི་ཕ་རོལ་གྱི་ཚྭ་ཞིང་ལས་གཙོ་བོ་ཚྭ་དམར་པོ་དང་། ཚུ་རོལ་ལས་གཙོ་བོ་ཚྭ་དཀར་པོ་ཐོན་པ་རེད། འཇང་མི་ཚོས་ཕ་རོལ་གྱི་ཚྭ་ཞིང་དང་བོད་མི་ཚོས་ཚུ་རོལ་གྱི་ཚྭ་ཞིང་བདག་པོ་རྒྱག་བཞིན་ཡོད་པ་རེད། བུད་མེད་ཚོས་ཚྭ་དོང་ནས་ཚྭ་ཆུ་ཁུར་ཏེ་ཚྭ་ཞིང་ནང་བླུགས་རྗེས། ཉི་འོད་དང་རླུང་གིས་ཆུ་བསྐམས་ཏེ་ཤུལ་དུ་ལྷག་པ་ནི་ཚྭ་རེད། ཚྭ་དེ་དག་གཙང་མར་བཟོས་རྗེས་གཞི་ནས་ཚ་དམར་ནི་བ་གླང་དང་ར་ལུག་གིས་བཟའ་ཆོག་ལ། ཚ་དཀར་ནི་མི་ཡིས་བཟའ་ཆོག་པ་རེད། སྔོན་མར་ཡིན་ན་སྐྱེས་པ་ཚོས་རྟ་དྲེལ་ལ་ཚྭ་བཀལ་ཏེ་ས་ཆ་སོ་སོར་སོང་ནས་བཙོངས་པ་དང་། འབྲུ་རིགས་སོགས་དང་བརྗེ་སྲོལ་ཡང་ཡོད་པ་རེད་ཟེར།

སྐྱིད་སྡུག་མགོ་འབྲེལ་གྱི་འདས་ཟིན་པའི་དུས་ནང་། ཚྭ་ཁ་ལུང་པའི་ཕོ་སར་རྣམས་ཀྱིས་གཞན་ཡུལ་ལ་མཁོ་བའི་ཚྭ་དང་། རང་ཡུལ་ལ་མཁོ་བའི་ཅ་ལག་རྣམས་རྟ་དྲེལ་ལ་བཀལ་ཏེ། གནས་ཆེན་ཁ་བ་དཀར་པོ་ལ་གསོལ་བ་འདེབས་བཞིན་རྡལ་ལམ་ཐོག་ཕར་འགྲོ་ཚུར་འོངས་བྱེད་པའི་ཞོར་དུ། ཕྱི་རོལ་གྱི་ལྟ་བ་དང་འདུ་ཤེས་མཚོན་པའི་རིག་གནས་མང་པོ་ནང་ལ་དྲངས་ཏེ་མི་རབས་མང་པོ་གསོས་ཤིང་བསྐྱངས། དུས་ད་ལྟར་རྟ་དྲེལ་གྱི་འགྲོ་ལམ་ནི་ལོ་རྒྱུས་ཀྱི་ཟུར་ལ་ཇེ་ཕྲ་ནས་ཇེ་ཕྲ་རུ་གྱུར་ཡང་། གཞུང་ལམ་ལས་ཡུལ་མི་རྣམས་ལ་དགོས་མཁོ་ཆེ་མིན་ཅི་རིགས་འཚང་ཁ་ཤིག་ཤིག་གིས་འོང་བཞིན་ཡོད་པས། གང་རང་ལ་མཁོ་མིན་ནི་སྲོལ་རྒྱུན་གྱི་འདུ་ཤེས་ཡག་མོ་དང་། དེང་རབས་ཀྱི་ལྟ་བ་དྲང་མོ་ལ་རག་ལས།

ས་ཆ་འདིའི་བྲག་གི་ཆགས་རིམ་ཤར་དང་ནུབ་ནས་བཙིར་བས་གས་སྲུབས་ཆེན་པོ་ཆགས། གས་སྲུབས་ལས་བུད་པའི་ཆུས་ཚྭ་གཏེར་ཡོད་པའི་ས་བཞུས་ཏེ་རྒྱུན་ཆད་མེད་པའི་ཚྭ་ཆུ་ཡོང་བ་རེད་འདུག།ངས་ས་ཆ་འདི་ལ་ཚྭ་གཏེར་ཡོད་ཚུལ་ཇི་ལྟར་གོ་བ་དང་། ཐོག་མར་ཚྭ་ཞིང་ལས་མཁན་སུ་ཡིན་མིན་བཅས་དྲིས་ལན་མེད་པའི་གསང་བ་ལ་བསམ་བློ་གཏོང་དུས། ཨ་ཇོ་སྐལ་བཟང་སྟོབས་རྒྱས་ཀྱིས། ང་ཚོ་ཚྭ་ཁ་ལུང་པའི་གཞི་བདག་ཚྭ་ཁ་ཨ་མྱེས་གནས་མཆོག་ནི་གནས་ཆེན་ཁ་བ་དཀར་པོའི་ཤ་ཉེ་རེད། ཚྭ་ཡི་ལྷ་ནི་བྱ་ཡིན་པས་ཚང་མས་ཚྭ་ལྷ་ལ་མཆོད་སྲོལ་ཡོད་ཅེས་ཟེར་ཡང་། ཚྭ་ལྷ་བྱ་ཡིན་པའི་རྒྱུ་མཚན་བཤད་རྒྱུ་མི་འདུག།

ས་ཆ་ཞིག་གི་ཡུལ་མི་རྣམས་ཀྱི་གསར་གཏོད་ཀྱི་བློ་གྲོས་དང་། བསམ་བློའི་སྤོབས་པ། ངལ་རྩོལ་གྱི་སྟོབས་ཤུགས་ནི་རི་ཆུའི་བར་གྱི་རིག་གནས་ནང་འདུས་ཡོད། ང་ས་ཆ་མང་པོ་ལ་སོང་མྱོང་མོད། ཚྭ་ཁ་ལུང་པ་ལྟ་བུའི་འཚོ་བའི་ཉམས་དང་ལོ་རྒྱུས་ཀྱི་བྲོ་བ་ཡོད་པ་ཞིག་ཧ་ཅང་མཐོང་དཀོན་པས། ཨ་ཇོ་སྐལ་བཟང་སྟོབས་རྒྱས་ལ་ཚྭ་ཁ་ལུང་པའི་མི་རྣམས་ཀྱིས་ཚྭ་ཞིང་དང་ཚྭ་ལས་ད་བར་རྒྱུན་འཛིན་བྱེད་ཐུབ་པའི་རྒྱུ་མཚན་དྲིས་པར། ཁོང་གིས་སྔོན་མར་ཚྭ་ཡིས་ང་ཚོ་གསོས་ཤིང་བསྐྱངས་པ་རེད། ད་ལྟར་ཚྭ་ལ་བརྟེན་ནས་ཕྱུག་པོར་ཆགས་མི་སྲིད་མོད། ཚྭ་ཞིང་གི་དྲིན་གྱིས་ཡུལ་སྐོར་བ་མང་པོ་ཡོང་བས། ཚང་མས་རྒྱུན་འཛིན་བྱས་པ་རེད། དེ་ནི་རང་ནོར་གྱིས་གོ་ཆོད་པའི་རྟགས་རེད་ཅེས་ཡིད་ཆེས་ཆེན་པོས་བཤད།

ངས་ཁོང་ལ་ཚྭ་ཁ་ལུང་པ་ན་གླིང་སྒྲུང་སྐོར་གྱི་ངག་རྒྱུན་ཡོད་མེད་དྲིས་པར། ཁོང་གིས་སྔོན་མར་མི་རྒན་ཚོས་གླིང་གེ་སར་གྱིས་འཇང་ས་དམ་རྒྱལ་པོའི་ལག་ནས་ཚྭ་ཞིང་འཕྲོག་ཚུལ་བཤད་རྒྱུ་ཡོད་མོད། དེང་སང་ཧ་ལམ་ཤེས་མཁན་མེད། ང་ལ་གླིང་སྒྲུང་ནང་གི་ཚིག་འགའ་ཡོད་ཅེས་ཁ་པར་ཕྱེ་སྟེ་བསྟན།

སྐྱབས་བླ་མ་ཡིད་དམ་དཀོན་མཆོག་གསུམ།།

གསོལ་བ་འདེབས་སོ་བྱིན་གྱིས་རློབས།།

དེ་རིང་ཨ་ཕོ་ཁ་འཛིན་མཛོད།།

ས་འདི་ས་ངོ་མ་ཤེས་ན།།

ཚྭ་ཁ་ནོར་བུའི་ས་ཆ་དང་།།

སྡེ་བཅུ་གཏེར་ཚྭ་ཞིང་ལུང་པ་རེད།།

མཛེས་པའི་ཚྭ་ཞིང་རི་མགོ་ལ།།

རི་གངས་རིའི་རྒྱབ་ལ་མཚོ་སྣ་འཛོམས།།

མཚོ་སྣ་བརྒྱ་སྣ་མ་མི་འདྲ་ལས།།

སྔོན་སྲིད་པ་ཆགས་པའི་བླ་མཚོ་ཡོད།།

གངས་ནགས་རི་མཚམས་ལ་རི་སྣ་འཛོམས།།

རི་སྣ་བརྒྱ་སྣ་མ་མི་འདྲ་ལས།།

སྔོན་སྲིད་པ་ཆགས་པའི་རི་སྙིང་ཡོད།།

མཛེས་པའི་ཚྭ་ཞིང་རི་སྐེད་ལ།།

རྡོ་དཀར་སྒྲོལ་མ་རང་བྱོན་དང་།།

གླང་ཆེན་འགྱིང་རི་རང་བྱོན་ཡོད།།

མཛེས་པའི་ཚྭ་ཞིང་རི་འདབས་ལ།།

ཆུ་མི་འདྲ་ཆུ་སྣ་སྣ་ཚོགས་ཡོད།།

ཆུ་སྣ་བརྒྱ་སྣ་མ་མི་འདྲ་ལས།།

བདུད་རྩི་ཚྭ་ཡི་ཚྭ་ཆུ་ཡོད།།

བདུད་རྩི་ཚྭ་ཡི་ཚྭ་ཆུ་འདི།།

གནས་མཆོག་ཡབ་ཡུམ་ལེགས་སྐྱེས་དང་།།

ཨོ་རྒྱན་པདྨའི་གཏེར་གཟུགས་རེད།།

ཚྭ་ཁ་ནོར་བུའི་ས་ཆ་ཟེར།།

ནོར་བུ་ཡིན་ལུགས་འདི་འདྲ་རེད།།

གོ་ན་རྣ་བའི་བུ་རམ་ཡིན།།

མ་གོ་གླུ་ལ་འགྲེལ་པ་མེད།།

ངས་ཚིག་དུམ་དེ་ནི༼ འཇང་གླིང་གཡུལ་འགྱེད༽ ཅེས་པའི་གླིང་སྒྲུང་ནང་གི་ཚིག་དུམ་ཞིག་ཡིན་ནའང་སྲིད་སྙམ་སྟེ་ཐེངས་མང་པོར་བཙལ་ཡང་མ་རྙེད།

ཉི་མ་ཧ་ཅང་ཚ་བ་དང་དུས་ཚོད་ནི་ཉིན་གཞུང་བརྒལ་ཟིན་པས། ཨ་ཇོ་སྐལ་བཟང་སྟོབས་རྒྱས་ཀྱི་ཁྱིམ་ནང་ལ་ཐུག་པ་འཐུང་དུ་སོང་། ཐུག་པ་དེ་ནི་ཕོར་པ་ཆུང་ངུ་ནང་བླུགས་པ་ཞིག་རེད་ལ། སྒོར་མོ་ཉི་ཤུ་རྩ་ལྔ་རིན་པར་སྤྲད་རྗེས་ཕོ་བ་མ་འགྲངས་བར་དུ་ཅི་བཟའ་གང་བཟའ་རེད། རྒྱ་སྐད་དུ་ཅའ་ཅའ་མན(加加面)ཟེར་བ་ནི་མུ་མཐུད་དེ་བསྣན་ནས་བཟའ་ཆོག་པས་རེད་ཟེར་བ་ལས་བོད་སྐད་ནི་མི་འདུག། ང་སྐམ་ལྟོགས་དྲགས་པས་ཐུག་པ་ཕོར་པ་ལྔ་དང་སྦི་རག་དམ་འབི་དོ་བཏུངས་རྗེས། ཡིད་ཚིམ་པའི་ངང་འཇང་རིགས་ཡུལ་ཤོག་གི་ཡར་ག་སྟེང་དུ་དེ་མིན་གྱི་རིག་གནས་རྗེས་ཤུལ་རྣམས་མཇལ་དུ་སོང་ངོ།།

བཀྲ་ཤིས་ཀྱིས་བྲིས་ཤིང་པར་བླངས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:དབྱངས་ཅན་ལགས།
  • ལེ་ཚན་རྗེས་མ།:མཚོ་ཆེན་ཁྲི་ཤོར་རྒྱལ་མོ་མཇལ་བའི་མཐོང་ཐོས།