ངས་ཡང་སྙིང་ཅི་ཞིག་འཚོལ་གྱིན་ཡོད།

ལྡོང་འཇིགས་སྲས།        2023-09-27

རང་ཉིད་ལ་གྲགས་པ་ཞིག་ཐོབ་པའི་ཆེད་དང། རང་ཉིད་ལ་མདུན་ལམ་ཡང་དག་ཅིག་ཐོབ་པའི་ཆེད་དུ་མིན། ངས་འཇིག་རྟེན་གྱི་ཁམས་ཆེན་མོ་འདི་ནས། མངོན་ལྐོག་གི་གསང་རྒྱ་རྨེག་མེད་དུ་བཅོམ་སྟེ་རྩོམ་ཡིག་འབྲི་བ་ནི། ངས་དགའ་བ་དང་སྐྱོ་བ། རེ་ཆད། འུ་ཐུག། སྨྲེང་སྐྱོ། ཡི་མུག། ཞེད་སྣང་དག་ཤོག་ངོར་ཕབས་ཏེ། ཆེས་ཆེར་བསྒྲད་པའི་ནམ་མཁའ་འདིའི་ངོས་སུ་ཤོག་བྱ་བཞིན་སྤུར་ན་འདོད་པས་ཡིན། རེད་དེ། ཟླ་འོད་འོག་གི་གླུ་པ་ངག་ལྐུགས་པའི་ནད་པ་ཞིག་ལྟར་ཚོར་ཡན་གྱི་གཞས་གཏོང་མཁན་ཞིག། ཟླ་འོད་འོག་གི་གླུ་པ། མི་ཚེ་སྐྱོ་གར་རང་བཞིན་ཅན་གྱི་མི་ཞིག་སྟེ། རང་གི་ལོ་ན་དང་ལུས་སེམས་ཀྱི་འགྱུར་བའི་ཆོས་ཉིད་དང་བསྟུན་ཏེ་མདུན་དུ་བསྐྱོད། ཡིན་ཡང་ཁྱོད་ཀྱིས་ང་ལ་རིན་བྲལ་ཞེས་མ་གསུངས། ལྷིང་འཇགས་ཀྱི་ཁོར་ཡུག་དག་ཏུ་རེ་བ་ནི་རྣམ་དག་གི་ཞིང་ས་ཞིག་དང་འདྲ་བར། བརྩོན་པ་དང་སྨོན་འདུན་ཉག་གཅིག་གི་ཚུལ་དུ་དབྱར་བར་མའི་མེ་ཏོག་བཞིན་མཛེས་སྤྲོས་གཟབ་རྒྱས་ངང་བཞད།

དུས་ཚོད་ངོས་སུ་ཕྱི་རོལ་གྱི་རླུང་ཆེན་དྲག་ཏུ་ལྡང་དུས། ང་ཉིད་ཐ་སྙད་ཁྲི་སྟོང་གི་ལྗིད་ཚད་ལས་མནར་ཡང་། ནང་སེམས་ཀྱི་རེ་བ་བཙོག་གྲིབ་ཀྱིས་མ་བསླུས་ཚེ་འཇིགས་པ་ས་སྟེང་དུ་མེད། ཉེ་གམ་ན་བཤད་གླེང་མཛད་བཞིན་པའི་གྲོགས་པོ་ལགས། ཚོར་བ་ནི་ལྷད་མེད་པ་ཞིག་རེད། རང་དབང་དང་ཁ་དོག་ཡུག་གཅིག་གིས་བྲིས་པའི། དགུན་ཁ་ཧྲིལ་པོ་འདིར་དཀར་པོ་དཀར་རྐྱང་གིས་བསྐྲུན་པའི། བྱང་ཕྱོགས་མཐའ་མཚམས་སུ་འཐོར་གྱིན་པའི་ཁ་བ་ལེབ་མོ་འདི་དག ཅི་འདྲའི་ལྷད་མེད་པ་ཞིག་རེད་ཨང་།

དུས་ད་ཆར་ངས་རང་ཉིད་ལ་དབང་ཆོག་ཆོག་གི་ཚོར་བ་སྐྱེན་པོ་ཞིག་འཚོལ་གྱིན་ཡོད། ཡང་ན་ཚོར་བའི་ནང་གི་གལ་ཆེ་བའི་མི་དེ་འཚོལ་གྱིན་ཡོད། ས་ཆེན་པོ་འདིའི་ཁོང་གསེང་ན་འགུལ་གྱིན་པའི་ནོར་བུའི་དོ་ཤལ་དང་། ཡང་ན་ནོར་བུ་དེ་ལས་འཕྲོས་པའི་འོད་ཀྱི་ཟེགས་མ། ད་དུང་ངས་ཚོར་བའི་རྒྱུ་སྣེ་ནས་ཡལ་བའི་ལོ་རྒྱུས་ཀྱི་ལྷ་སྒྲུང་། དེ་མིན་རང་ཉིད་ལ་དབང་ཆོག་ཆོག་གི་བདེ་སྐྱིད་དེ་འཚོལ་གྱིན་ཡོད།

དུས་དང་དུས་སུ་དྲན་པས་བསླངས་པའི་གནས་འདི་ནས་ང་ལ་སྣང་ཚོར་ཉམས་པའི་ཆོད་སེམས་དེ་ཡོད། ཉིན་མཚན་ངེས་མེད་དྲན་བཞིན་པའི་ཁུ་སིམ་ཁད་ཀྱིས་འདས་པའི་དྲོད་འཇམ་དེ་དགོས། འོད་ཀྱི་དྲང་ཐད་ན་བཞུར་བའི་གླུ་དེ་དགོས། གླུ་དེའི་རྩི་བཅུད་ལ་རོལ་བའི་མེ་ཏོག་དེ་དགོས། མེ་ཏོག་དེའི་ཐོབ་ཤོར་ན་རྒྱུ་བའི་མཛེས་རྒྱན་གྱི་འདབ་མ་དག་དགོས། ངས་ཡང་སྙིང་ཅི་ཞིག་འཚོལ་གྱིན་པ་ཁྱོད་ཀྱིས་ཤེས་སམ། བསམ་གཞིག་གི་མནར་གཅོད་ཁྲོད། ང་ནི་རང་ངོས་ནས་འཚོ་ཐུབ་གྱིན་མི་འདུག། ངའི་ཕ་མ་དང་སྙིང་ཉེ་བའི་སྤུན་གྲོགས་དག། རྒྱ་མཚོ་ལྟ་བུའི་སྣོད་ཀྱི་འཇིག་རྟེན་དུ། ཆུ་ཡིས་གཡོ་ཞིང་སྐབས་འགར་མེ་ཡིས་འཚིག་གིན་འདུག།



  • ལེ་ཚན་སྔོན་མ།:དྲན་པའི་རྨུ་ཐག་ལ་བརྒྱུས་པའི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།