སེམས་ཀྱི་ཉི་ཟླའི་ཀོ་བཟོ་ལག་རྩལ།

        2023-09-25

      2023ལོའི་ཟླ9པའི་ཚེས20ཉིན། ང་ཚོ་སོན་རྩེ་ལས་ཐོན་པའི་མི་རིགས་རིག་གནས་ཞེས་པའི་ལེ་ཚན་གྱི་བཅར་འདྲི་ཚོ་ཆུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་ལྷོ་ཕྱོགས་སུ་སྤྱི་ལེ་30ལྷག་ཙམ་གྱི་བཞུད་ལམ་བརྒྱུད་ནས་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོའི་ཤིང་ཁུར་སྟེང་གྲོང་མི་ཚོ་ཆུང་དུ་ཐོན། སྟོན་གྱི་དུས་འདིར་གྲོང་སྡེའི་མཐའ་འཁོར་བཏབས་ཡོད་པའི་ནས་ཞིང་དུ་ལྗིད་ཏིག་ཏིག་གི་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་བྱེད་བཞིན་ཡོད་ལ། ལམ་འགྲམ་གྱི་རི་སྐྱེས་སིལ་སྡོང་སྣ་ཚོགས་ཀྱི་མགོ་བོར་ཡང་ཞིམ་མངར་འབྲས་བུ་མང་བོ་ཐོགས་ཡོད་ལ་དྲི་ངད་ཕྱོགས་བཞིར་ལྡིང་བཞིན་འདུག   ཡངས་བའི་སྤང་ཐང་དུ་ཕྱུགས་རིགས་དཀར་ནག་ཁྱུ་དང་ཁྱུ་བྱས་ནས་བཅུད་ལྡན་སྟོན་གྱི་རྩྭ་ཆུར་རོལ་བཞིན་ཡོད། འདིར་ལྟར་ང་ཚོས་སྟོན་གྱི་རྫོགས་ལྡན་མཛེས་ལྗོངས་འདི་ལོངས་སུ་སྤྱོད་ཞོར་ཨ་ཁུ་ཚེ་རིང་དོན་འགྲུབ་ཚང་

གི་ཕྱོགས་སུ་རླངས་འཁོར་གྱི་ཁ་ལོ་བསྒྱུར།


སེམས་ཀྱི་ཉི་ཟླའི་ཀོ་བཟོ་ལག་རྩལ།

ཨ་མྱེས་ཚེ་རིང་དོན་འགྲུབ།


    ང་ཚོ་ཨ་ཁུ་ཚེ་རིང་དོན་འགྲུབ་ཚང་གི་ཁྱིམ་ལ་སླེབས་དུས་ཁོང་ཉིད་དང་བུ་ནུ་བོ་གཉིས་ཀས་ཀྱང་ཉིན་གཅིག་གི་ལས་ཀར་གྲ་སྒྲིག་བྱེད་བཞིན་ཡོད། བུ་ནུ་བོ་ཡིས་དེ་རིང་གི་པག་བཟོའི་ལས་ཀའི་གྲ་སྒྲིག་དང་། ཉིན་འགའི་སྔོན་ལ་ཆུར་སྦངས་བའི་ཀོ་ཤ་གཅད་པ། ཀོ་བ་མཉེ་བ་སོགས་བྱེད་བཞིན་ཡོད། ཨ་མྱེས་ཚེ་རིང་དོན་འགྲུབ་ཀྱིས་ཀྱང་ར་སྐོར་དུ་ཉི་མ་ལྡེ་ཞོར་ངོ་ལ་འཛུམ་མདངས་དང་བཅས་ཏེ་བུ་ཡིས་བཟོས་པའི་ཀོ་བཟོའི་ཐོན་རྫས་རེ་རེ་ལ་བློ་ཡིད་ཚིམ་པའི་སྒོ་ནས་ལྟ་བ་དང་མཚམས་ལ་ལར་བུ་ལ་ཁྲིད་སྟོན་བྱེད། ཤིང་ཁང་གྲུ་བཞིའི་ར་སྐོར་དུ་ཀོ་བཟོའི་ལག་ཆ་རྣམས་གྲལ་དག་པའི་སྒོ་ནས་བཞག་ཡོད་ལ།  ཁང་པའི་ཉིས་ཐོག་ཏུ་ཁོང་ཕ་བུ་གཉིས་ཀྱི་སོན་རྩེ་ལས་བྱུང་བའི་ཀོ་བཟོའི་ཐོན་རྫས་རྣམས་རིགས་སྣ་དབྱེ་སྟེ་སྟར་སྒྲིག་བྱས་ནས་བཀལ་ཡོད་པས་སྒྱུ་རྩལ་གྱི་ཞིང་ཁམས་ཞིག་དང་གཉིས་སུ་མ་མཆིས།ག་ས་གང་དུ་བདེ་སྡོད་ལས་བརྩོན་གྱི་རྣམ་པས་ཁེངས་འདུག

སེམས་ཀྱི་ཉི་ཟླའི་ཀོ་བཟོ་ལག་རྩལ།

ཕ་བུ་གཉིས་ཀྱིས་འཚེམ་བཟོ་བྱེད་བཞིན་པ།

ལོ་རྒྱུས་ཀྱི་རྒྱུན་རིང་བའི་བདེ་ཆེན་ཡུལ་གྱི་ཀོ་བཟོ་ལག་རྩལ།

     ཡངས་ཤིང་རྒྱ་ཆེ་བའི་མཚོ་བོད་མཐོ་སྒང་དུ་ནོར་ལུག་ཁྱུ་དང་ཁྱུ་འཚོ་བའི་པགས་པ་དེ་དག་ནི་བོད་ཀྱི་ཀོ་ཆས་ལག་ཤེས་ཀྱི་རྒྱུ་ཆ་ལྷད་མེད་ཅིག་ཡིན་ཞིང་། ལོ་ངོ་སྟོང་ཕྲག་མང་པོའི་ནང་ནོར་ལུག་གི་པགས་པས་བཟོས་པའི་ཕྱུ་པ་དང་ཞྭ་ལྷམ། སྟོད་གོས་སོགས་མགོ་ལུས་ཆ་ཚང་ལ་ཁྱབ་པའི་གྱོན་གོས་དང་ཉལ་གདན་སོགས་དང་། རྩམ་ཁུག་དང་ཇ་ཁུག ཚྭ་ཁུག ཆང་སྣོད་སོགས་ལྟོ་སྣོད། རྟ་སྒྲོ་དང་དངུལ་ཁུག  ཁབ་ཤུབས་དང་ཀོ་སྒམ་སོགས་སྤྱོད་ཆས།དེ་བཞིན་རྒྱན་ཆའི་རིགས་དང་འགྲིམ་འགྲུལ་ཡོ་བྱད། ཆོས་ལུགས་ཡོ་བྱད་སོགས་སྒྱུ་རྩལ་དངོས་པོ་ཅི་རིགས་ཀྱིས་བོད་མི་དམངས་ཀྱི་ཟས་གོས་གནས་མལ་དང་འགྲོ་ཆགས་སྡོད་གསུམ་ཚང་མའི་དགོས་མཁོ་སྐོང་བཞིན་ཡོད།  འབྲེལ་ཡོད་ཡིག་ཆ་ལས་བོད་དུ་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཀོ་བཟོ་ལག་རྩལ་དར་བ་མ་ཟད། ཆུ་ཚད་ཀྱང་ངེས་ཅན་ཞིག་ཏུ་སླེབས་ཡོད་ཅེས་བཀོད་འདུག

    དེ་ཡང་བདེ་ཆེན་གྱི་ཀོ་བཟོ་ལག་རྩལ་དེ་གཙོ་བོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དང་རྒྱལ་ཐང་གྲོང་རྡལ་རྡོ་མཁར་རྫོང་དུ་ཁྱབ་ཡོད་པ་རེད།བདེ་ཆེན་གྱི་ཀོ་བཟོ་ལག་རྩལ་དེ་ངག་རྒྱུན་ལྟར་ན་ཐང་སུང་རྒྱལ་རབས་ཀྱི་སྐབས་ལ་དེད་ཆོག་ལ། གནའ་བོའི་ཇ་རྟ་འདྲེན་ལམ་གྱི་སྐབས་སུ་ཚོང་དོན་དར་རྒྱས་གོང་འཕེལ་འགྲོ་བ་དང་ཆབས་ཅིག་དར་རྒྱས་གོང་འཕེལ་དུ་སོང་ཡོད། གཞན་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཀོ་བཟོའི་ཐོན་རྫས་ལ་རང་སོ་སོའི་མི་རིགས་ཀྱི་རིག་གནས་དང་མཛེས་དཔྱོད་ཀྱི་ཁྱད་ཆོས་ལྡན། སྤྱོད་གོ་ཆེ་ལ་མཛེས་ཉམས་དོད་པའི་ཀོ་བཟོའི་ཐོན་རྫས་དེ་དག་གིས་ས་མཐོའི་མི་དམངས་ཀྱི་དམིགས་བསལ་མཛེས་འཆོས་ཀྱི་རིན་ཐང་མངོན་ཐུབ་ལ་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཀྱི་རྒྱབ་ལྗོངས་ཀྱང་མངོན་བཞིན་ཡོད་པས། ཀོ་བཟོ་ལག་རྩལ་འདི་ལ་ལོ་རྒྱུས་ཀྱི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་། སྤྱི་ཚོགས་ཀྱི་རིན་ཐང་།དཔལ་འབྱོར་གྱི་རིན་ཐང་བཅས་ལྡན་ཡོད་པ་རེད།


སེམས་ཀྱི་ཉི་ཟླའི་ཀོ་བཟོ་ལག་རྩལ།

ཀོ་ཤ་གཅད་པ།


སོན་རྩེ་ལས་བྱུང་བའི་ཀོ་བཟོའི་ཐོན་རྫས་སྣ་ཚོགས།

    དེང་རབས་ཀྱི་འཚོ་བའི་ནང་ཀོ་བའི་མཁོ་ཆས་ཀྱི་བེད་སྤྱོད་རིམ་བཞིན་ཇེ་ཉུང་དུ་འགྲོ་ཡི་ཡོད་སྟབས་ཀོ་ཆས་འཚེམ་བཟོ་བྱེད་མཁན་ཚོར་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་རུང་། བློ་རིག་བཀྲ་བའི་ལག་ཤེས་པ་ཚོས་མཛེས་ཤིང་སྟབས་བདེ་བའི་བཟོ་རྩལ་ཐོན་རྫས་བཟོ་རྒྱུར་ཁ་ཕྱོགས་པས།ཀོ་ཆས་ཀྱི་འཚོ་བའི་སྤྱོད་གོར་ཉམས་རྒུད་བྱུང་རུང་སྒྱུ་རྩལ་ཐོན་རྫས་ཀྱི་ཁྲོམ་རར་གསོན་ཤུགས་ཀྱི་དཔལ་འབར་བཞིན་ཡོད།

      ཨ་མྱེས་ཚེ་རིང་དོན་འགྲུབ་ཕ་བུ་གཉིས་ཀྱིས་བཟོས་པའི་ཀོ་བཟོའི་ཐོན་རྫས་ནི་གཙོ་བོ་བོད་ཀྱི་དངུལ་ཁུག་དང་། སྐེད་རགས། ཚྭ་ཁུག རྩམ་ཁུག ཀོ་ཁུག བསང་ཁུག རྟ་སྒ། ཀོ་རྔ་དང་ཀོ་གོས་སོགས་ཡོད་པ་དང་། ཁོང་གིས་བཟོས་པའི་ཀོ་ཆས་ཐོན་རྫས་ལ་ས་གནས་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁྱད་ཆོས་ལྡན་ཡོད་དེ། དཔེར་ན་རྒྱལ་ཐང་ཡུལ་དུ་གཉེན་རྟགས་རྒྱག་སྐབས་ཀོ་ཡི་བཟོས་པའི་སྒལ་ཏ་འདི་ནི་མེད་དུ་མི་རུང་བ་ཞིག་ཡིན་ཏེ། སྒལ་ཏ་འདིའི་ནང་ཇ་དང་ཁ་བཏགས་སོགས་འཁྱེར་ནས་གཉེན་སློང་གི་འགྲོ་བ་རེད། ར་ཀོ་ལས་བཟོས་པའི་སྤུ་རིང་བོ་ཅན་གྱི་ཀོ་ལྭ་དཀར་པོ་ནི་འཇང་རིགས་ཀྱིས་གཉེན་སྟོན་བྱེད་སྐབས་དང་ཡང་ན་འཇང་གི་བྲོ་འཁྲབ་པའི་སྐབས་སུ་གོན་པའི་སྲོལ་རྒྱུན་གྱི་གྱོན་ཆས་ཞིག་ཡིན་པ་རེད། གཡག་ཀོ་ལས་བཟོས་པའི་སྐེད་རགས་འདི་ནི་རྒྱལ་ཐང་གི་བུད་མེད་རྣམས་ཀྱིས་ཐག་འཐག་སྐབས་བཀོལ་སྤྱོད་བྱེད་བཞིན་ཡོད་པས། ཀོ་བཟོའི་ཐོན་རྫས་རེ་རེ་ནི་རིག་གནས་ཀྱི་མངོན་ཚུལ་རེ་རེ་ཡིན་པ་རེད། གཞན་དུས་རབས་ཀྱི་འགྱུར་ཁུག་དང་ཁྲོམ་རའི་དགོས་མཁོ་དང་བསྟུན་ནས། འཛད་སྤྱོད་པའི་དགོས་མཁོ་ལྟར་ཀོ་ལས་བཟོས་པའི་ཡུལ་སྐོར་ཐོན་རྫས་འདི་དག་ལའང་ཡུལ་སྐོར་བ་དང་འཛད་སྤྱོད་པའི་དགའ་བསུ་ཐོབ་པ་མ་ཟད། ཁོང་ཚང་གི་ཐོན་རྫས་འདི་དག་བདེ་ཆེན་གྱི་རྫོང་སོ་སོ་དང་།ས་དམ་དང་ལན་ཕིང་སོགས་སུའང་བྲིན་ཁ་རྒྱུག་བཞིན་ཡོད་པ་རེད།


སེམས་ཀྱི་ཉི་ཟླའི་ཀོ་བཟོ་ལག་རྩལ།

ཀོ་བཟོའི་ཐོན་རྫས་སྣ་ཚོགས།

མི་རབས་ནས་མི་རབས་རྒྱུན་འཛིན་བྱེད་པའི་ཀོ་བཟོ་ལག་རྩལ།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཀོ་བཟོ་ལག་རྩལ་ནི་ཁྱིམ་རྒྱུད་ཀྱི་རྣམ་པའི་ཐོག་ནས་རྒྱུན་འཛིན་བྱེད་ཀྱི་ཡོད། ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོ་ཤིང་ཁུར་གྲོང་མི་ཚོ་ཆུང་གི་ཨ་མྱེས་ཚེ་རིང་དོན་འགྲུབ་ཚང་ཡང་གཅིག་འདྲ་གཅིག་ཏེ། ཁོང་ཚང་གིས་མི་རབས་ལྔའི་རིང་ལ་ཀོ་ཆས་ལག་རྩལ་འདི་རྒྱུན་འཛིན་བྱས་ཡོད། ཨ་མྱེས་ཚེ་རིང་དོན་འགྲུབ་ནི་མི་རབས་གསུམ་པ་ཡིན། ཁོང་གི་བུ་ནུ་བོ་ཡང་ཆུང་དུས་ནས་རང་གི་ཨ་ཕ་ལ་རོགས་ལས་བྱས་པ་དང་། 2015ལོ་ནས་དངོས་སུ་ཀོ་བཟོ་བཟོ་རྩལ་འདི་སྦྱང་ནས་ད་ལྟ་ལག་རྩལ་བྱང་ཆུབ་པ་ལྡན་ཡོད། བུ་ནུ་བོ་དང་ཚ་མོའི་མག་པ་གྲགས་པ་བློ་བཟང་ནི་ཀོ་བཟོ་ལག་རྩལ་གྱི་རྒྱུན་འཛིན་མཁན་མི་རབས་བཞི་བ་དང་ལྔ་བ་ཡིན་པ་རེད།

    2017ལོའི་ཟླ8པར།ཀོ་ཆས་བཟོ་རྩལ་དེ་བདེ་ཆེན་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་ལྔ་པའི་སྲུང་སྐྱོང་མིང་གཞུང་ནང་བཅུག་པ་དང་། 2018ལོར་ཨ་མྱེས་ཚེ་རིང་དོན་འགྲུབ་ལ་ཁུལ་རིམ་པའི་ཀོ་ཆས་བཟོ་རྩལ་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མིང་བསྩལ་བ་རེད།2019ལོར་ནུ་བོས་ཕ་བུ་གཉིས་ཀྱིས་བཟོས་པའི་ཀོ་ཆས་ཐོན་རྫས་དེ་ཧྲང་ཧའེ་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམ་སྟོན་དུ་ཞུགས་པ་རེད།2021ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་མིང་བསྩལ་ལ།ད་ལྟ་ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་མཁན་དུ་གྱུར་ཡོད་པས།ཀོ་བཟོ་ལག་རྩལ་འདི་མི་རབས་ནས་མི་རབས་ལ་འཛིན་སྐྱོང་སྤེལ་གསུམ་ཐད་རང་ནུས་ཅི་ཡོད་འདོན་བཞིན་ཡོད།


སེམས་ཀྱི་ཉི་ཟླའི་ཀོ་བཟོ་ལག་རྩལ།

ཀོ་རྔ།


    ཨ་མྱེས་ཚེ་རིང་དོན་འགྲུབ་ཀྱིས་གུང་ཁྲན་ཏང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོའི་མི་རིགས་རིག་གནས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ལེགས་པོ་བྱས་ཡོད། ལག་རྩལ་འདི་ནི་ང་ཚོའི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཡིན་པས། ང་ཚོས་མི་རབས་ནས་མི་རབས་ལ་རྒྱུན་འཛིན་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ། དེ་བས་དེང་རབས་ཀྱི་ན་གཞོན་རྣམས་ཀྱིས་ཀོ་བཟོ་ལག་རྩལ་འདི་བཟོ་སྡུག་དཀའ་བ་དང་། ལས་ཚེགས་ལྗིད་པ་སོགས་མི་བསམ་པར་རྒྱུན་འཛིན་ཡག་པོ་བྱེད་དགོས་ཞེས་པའི་རེ་བ་བཏོན། བུ་ནུ་བོས་ཀྱང་ང་རང་ངེད་ཚང་གི་མི་རབས་བཞི་བའི་ཀོ་བཟོའི་སྒྱུ་རྩལ་པ་ཡིན།ངས་ཀྱང་རང་གི་ཕ་རྒན་བཞིན་ཀོ་བཟོ་ལག་རྩལ་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་ཐད་ནུས་ཤུགས་ཡོད་དགུ་འབུལ་བཞིན་ཡོད། ལག་རྩལ་འདི་ལ་དགའ་ཞེན་ཡོད་པའི་སྐྱེ་བུ་གང་ཞིག་ཡིན་རུང་ང་རང་གིས་རིན་མེད་ཀྱི་སྒོ་ནས་ལག་རྩལ་འདི་འཁྲིད་ན་ཆོག   ང་རང་བདེ་ཆེན་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས་འདི་ནི་ང་རང་གི་ཕྲག་ཏུ་བབ་པའི་འོས་འགན་ཡིན་ཞེས་བཤད་བྱུང་།

སེམས་ཀྱི་ཉི་ཟླའི་ཀོ་བཟོ་ལག་རྩལ།


སེམས་ཀྱི་ཉི་ཟླའི་ཀོ་བཟོ་ལག་རྩལ།


སེམས་ཀྱི་ཉི་ཟླའི་ཀོ་བཟོ་ལག་རྩལ།


སེམས་ཀྱི་ཉི་ཟླའི་ཀོ་བཟོ་ལག་རྩལ།

འཇང་ལ་དང་ཀོ་བཟོའི་ཐོན་རྫས་སྣ་ཚོགས།

ཡོང་ཁུངས། བདེ་ཆེན་བོད་ཡིག་འཕྲིན་སྦྱོར་ལྟེ་གནས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:རྟའུ་ཡི་བོད་ཁང་སྒྱུ་རྩལ་སྐོར་གྱི་ངོ་སྤྲོད་བསྡུས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།