ཟླ་བརྒྱད་པའིབརྩེ་གླུ།

རྫ་ཤུལ་བློ་བཟང་།        2023-09-22

དབྱར་གསུམ་མཛེས་པའི་མེ་ཏོག་ཡལ་ལ་ཁད། །

གཡུ་སྦྲང་གཞོན་ནུ་རང་ཡུལ་ལོག་གྲབས་བྱས།་།

དུང་སེམས་མགུར་མས་བསླས་པའི་ཐ་སྙད་འདི། །

ཟླ་བ་བརྒྱད་པའི་ནང་གི་དྲན་ཚོར་ཡིན། །

རི་མགོ་སྨུག་པས་བཏུམས་དུས་ཅི་ཞིག་མཚོན། །

རི་ཆུ་དྭངས་མོའི་ནང་གི་བརྩེ་བ་དྲན། །

སྐྱི་སེར་རླུང་བུས་རང་སེམས་གཡོས་པའི་ཚེ། །

ད་ནི་སྟོན་གྱི་དུས་སྟོན་བསུ་བར་བྲེལ། །

སྔོ་བསངས་ནམ་མཁའི་མེ་ལོང་དྭངས་ཤིང་གཙང་། །

ཀུན་གསལ་ཟླ་བའི་ལང་ཚོ་དགོད་པ་ན། །

དུས་སྟོན་གཙང་མའི་ནང་གི་དྭངས་མ་ཞིག །

སྟོན་ཀའི་དཔལ་ཡོན་སེམས་སུ་ལྷུག་པར་དགོད། །

ཟླ་བ་གོར་ཞིང་ལང་ཚོ་རྒྱས་པའི་གཟུགས། །

གཙང་ཆུའི་ངོས་སུ་འཛུམ་ཞལ་འཆར་བ་ན། །

ཚངས་པའི་རྒྱུད་མངས་ཁོ་བོར་གཡོར་ཙམ་དང་། །

བསླུ་མེད་སེམས་ཀྱི་དྲན་ཚོར་སོར་མོས་དཀྲོལ། །

ཁུ་བྱུག་རང་ཡུལ་འགྲོ་བའི་སྟ་གོན་བྱས། །

མིག་རྒྱང་རིང་དུ་ཕྱོགས་པའི་གཏམ་ཞིག་ཐོས། །

ཕལ་ཆེར་སྟོན་ཟླ་ཚེས་སོང་སྙམ་པ་བྱུང་། །

ཚོར་བས་རྩེད་གར་མངོན་པའི་དཔལ་ཡོན་དྲན། །

ཆུ་མོ་གྲང་ཞིང་འཁྱག་པས་ཅི་ཞིག་མཚོན། །

ཆུ་མིག་རི་མོའི་བཞུར་རྒྱུན་སྙན་ཞིང་འཇེབས། །

ཆུ་འགྲམ་བཞད་པའི་མེ་ཏོག་དེ་དག་གིས། །

སྟོན་ཟླ་ཚེས་པའི་ཀུ་ཅོ་སྒྲོག་པ་ཐོས། །

རྩྭ་དང་རྩི་ཤིང་རྩེ་རུ་ཟིལ་བ་ཆགས། །

ཟིལ་པས་ལང་ཚོ་འཕྲོག་པའི་སྣང་བརྙན་མཐོང་། །

མིང་དང་ཚིག་གིས་མཚོན་འདྲའི་དུས་ཚིགས་ཤིག །

བསུ་བར་ཕྱོགས་པས་རང་སེམས་ཧ་ཅང་བྲེལ། །

རླུང་བུ་ཤུགས་ཀྱིས་ལྡང་བའི་ཚུལ་དེ་ནི། །

འདབ་ལོའི་ལང་ཚོ་འཐོར་བའི་སྔོན་འགྲོ་ཡིན། །

སྟོན་དུས་དགའ་སྟོན་བསུ་བར་བྲེལ་བའི་དོན། །

དྲན་ཚོར་རི་མོས་འཇིག་རྟེན་བཞེངས་པས་ལན། །

སྐྱེ་བ་སྐྱེས་བའི་གནས་གཞན་འགྲིམས་ཀྱང་རུང་། །

སྐྱེས་སའི་ཕ་ཡུལ་འདི་ལ་ཞེན་ཆགས་ཟབ། །

སྐྱེ་བོའི་ཡིད་ཀྱི་དཀྱིལ་དུ་བཏགས་པའི་གནས། །

བསིལ་ལྡན་ས་ལའི་ལྗོངས་ཀྱི་མཛེས་ཉམས་གཟིགས། །



  • ལེ་ཚན་སྔོན་མ།:ངའི་རེ་སྨོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།