ཞི་ཅིན་ཕིང་གིས་ཀེ་ལིན་དང་མོ་ཡེ་སོགས་ལ་འཕྲིན་ལན་གནང་།

        2023-09-21

    སྤྱི་ཟླ9པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ལིན་དང་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་མོ་ཡེ་དང་མའེ་ཁོ་མ་ལུན་ལ་འཕྲིན་ལན་གནང་བ་རེད།

     ཞི་ཅིན་ཕིང་གིས་ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་དང་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་ཚོས་དུས་ཡུན་རིང་པོའི་ནང་འབད་བརྩོན་ལྷོད་མེད་ཀྱིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་སྟག་མཆོང་རུ་ཁག་གི་གཏམ་རྒྱུད་སྒྲོག་སྤེལ་གནང་བ་དང་། ཨ་རིའི་གཞོན་ནུ་ལོ་ཆུང་དེ་བས་མང་བ“སྟག་མཆོང་རུ་ཁག་གི་མཛའ་བཤེས་སློབ་གྲྭ་དང་གཞོན་ནུ་ལོ་ཆུང་གི་གཙོ་འཛིན་འཆར་འགོད”ནང་ཞུགས་ཤིང་། ད་བར་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས500ཙམ་དང་དམག་མི་རྒན་གྲས་ཀྱི་ཁྱིམ་མི་བརྒྱ་གྲངས་ཁ་ཤས་ཀྲུང་གོར་འཚམས་འདྲིར་ཡོང་བ་ཤེས་རྟོགས་བྱུང་བས། ང་རང་དགའ་ཚོར་ཆེན་པོ་བྱུང་ལ། ཁྱེད་ཚོར་གུས་འདུད་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།

     ཞི་ཅིན་ཕིང་གིས་སྔར་སོང་ལ་རྗེས་དྲན་བྱེད་དུས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་འཇར་པན་ཧྥ་ཞི་སིར་རྒོལ་བའི་འཐབ་རྩོད་ཁྲོད་དགྲ་ལ་མཉམ་སྡང་བྱས་པ་དང་། ཁྲག་དང་མེ་ཡི་ཚོད་བགམ་ཐེག་ཐུབ་པ་བྱུང་ཞིང་མཛའ་གྲོགས་ཟབ་མོ་ཆགས་ཡོད། མ་འོངས་པར་རྒྱང་ལྟ་བྱེད་དུས། ཀྲུང་གོ་དང་ཨ་རི་ནི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ངོས་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ཐད་འགན་འཁྲི་དེ་བས་ཆེ་བ་འཁུར་ཡོད་ལ། ངེས་པར་དུ་ཕན་ཚུན་བརྩི་བཀུར་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱང་མངོན་འགྱུར་ཡོང་བ་བྱ་དགོས། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་རེ་བ་ནི་མི་དམངས་ལ་བརྟེན་པ་དང་། རྨང་གཞི་དེ་དམངས་ཁྲོད་ལ་ཡོད་ཅིང་། འབྱུང་འགྱུར་གཞོན་ནུར་ཐུག་ཡོད། དུས་སྐབས་གསར་པའི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་དུས་སྐབས་གསར་པའི་སྟག་མཆོང་རུ་ཁག་གི་རུ་མི་ཞུགས་དགོས་པ་དང་དེར་རྒྱབ་སྐྱོར་བྱ་དགོས་རྐྱེན། སྟག་མཆོང་རུ་ཁག་གི་སྙིང་སྟོབས་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མི་རབས་ནས་མི་རབས་བར་བརྒྱུད་འཛིན་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་།

     ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་དེ1998ལོར་བཙུགས་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་ཨའི་མཁའ་འགྲུལ་ལོ་རྒྱུས་དོན་རྐྱེན་ཐད་ཞིབ་འཇུག་དང་དྲན་གསོ་ཞུ་བར་སྐུལ་འདེད་གཏོང་བའི་ཨ་རིའི་དམངས་ཁྲོད་ཀྱི་མཛའ་མཐུན་ཚོགས་པ་ཞིག་ཡིན། ཉེ་ཆར། ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ལིན་དང་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་མོ་ཡེ་དང་མའེ་ཁེ་མ་ལུན་གྱིས་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ། ཐེབས་རྩ་ལྷན་ཚོགས་དང་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་ནས་ཀྲུང་གོ་དང་ཨ་རིའི་མཛའ་མཐུན་སྤེལ་རེས་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བའི་གནས་ཚུལ་ངོ་སྤྲོད་ཞུས་ཡོད་པ་དང་། ཀྲུང་གོ་དང་ཨ་རིའི་མཉམ་ལས་ཀྱི་རྩ་ཆེའི་བསམ་པའི་རྒྱུ་ནོར་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད།


ཡོང་ཁུངས། ཞིན་ཧྭ་གསར་འགྱུར།

ལོ་ཙཱ་བ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༣༦༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།