རིག་གནས་གསར་འཆར་གྱི་སྒེའུ་ཁུང་ནས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས།

རྟ་མགྲིན་རྡོ་རྗེས་བྲིས།        2023-09-20

སྡེ་དགེ་རྫོང་དམངས་ཁྲོད་རིག་གནས་གསར་འཆར་ཉོ་ཚོང་འདུ་ཚོགས་སྐབས་གཉིས་པའི་ཟུར་བྲིས།

རིག་གནས་གསར་འཆར་གྱི་སྒེའུ་ཁུང་ནས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས།
ཉོ་ཚོང་འདུ་ཚོགས་ཀྱི་ཡུལ་དངོས།

སྟོན་དུས་ཀྱི་ཟླ་དགུ་པར། མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་གནས་པའི་སྡེ་དགེ་རྫོང་གིས་རིག་གནས་གསར་འཆར་དང་ཉོ་ཚོང་བྱ་རྒྱུ་གཙོ་བོར་བྱས་ཏེ་ལོ་རྒྱུས་རིག་གནས་དང་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་ལ་དམིགས་ནས་ཉིན་གསུམ་གྱི་རིང་ལ་དམངས་ཁྲོད་ཀྱི་རིག་གནས་གསར་འཆར་དང་ཉོ་ཚོང་འདུ་ཚོགས་ཤིག་འཚོགས་ཏེ་ཇི་ལྟར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་ནང་ཞུགས་རྒྱུའི་ཐད་འཚོལ་ཞིབ་གལ་ཆེན་ཞིག་བྱས་པ་རེད།

གཟུགས་མེད་རིག་གནས་ཤུལ་བཞག་གི་བཀྲག་མདངས་རབ་ཏུ་འཚེར།

སྤྱི་ཟླ9པའི་ཚེས7ཉིན་ནས་ཚེས9ཉིན་གྱི་བར། སྡེ་དགེ་རྫོང་དམངས་ཁྲོད་རིག་གནས་གསར་འཆར་ཉོ་ཚོང་འདུ་ཚོགས་སྐབས་གཉིས་པ་ཕུན་སུམ་ཚོགས་པའི་ངང་འཚོགས་ཤིང་། འགོ་ཚུགས་པ་ནས་མཇུག་བསྒྲིལ་བའི་བར“མི་རིགས་རིག་གནས་མཉམ་དུ་སྤྱོད།། དམངས་ཁྲོད་རིག་གནས་གསར་དུ་གཏོད།།”ཅེས་པ་གཙོ་དོན་བྱས་པའི་འདུ་ཚོགས་ཁྲོད་ནས་གང་སར་གཟུགས་མེད་རིག་གནས་ཤུལ་བཞག་མཐོང་རྒྱུ་ཡོད་པ་རེད། འདེ་ནི་ཐེངས་འདིའི་འདུ་ཚོགས་ཀྱི་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་ཡིན་ལ་ཉེ་བའི་ལོ་ཤས་རིང་སྡེ་དགེ་རྫོང་གིས་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བའི་མཚོན་ཚུལ་དངོས་ཤིག་ཀྱང་རེད།

ཁམས་པའི་རིག་གནས་བརྒྱུད་འཛིན་གྱི་ཚད་མཐོ་ཤོས་ཡིན་པའི་སྡེ་དགེ་རྫོང་ལ་གེ་སར་རྒྱལ་པོའི་ཕ་ཡུལ་དང་། ཟུར་ལུགས་གསོ་རིག་གི་འབྱུང་ཁུངས། ཀྲུང་གོའི་བོད་རིགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཕ་ཡུལ་སོགས་ཀྱི་མཚན་སྙན་ཡོད་ལ། ལོ་མང་རིང་ཕུན་སུམ་ཚོགས་པའི་རིག་གནས་འདི་དག་ས་ཆ་འདི་ནས་གསོག་འཇོག་དང་བརྒྱུད་འཛིན་ཐུབ་ཡོད་པ་རེད།

སྡེ་དགེ་རྫོང་གི་དམངས་ཁྲོད་རིག་གནས་གསར་འཆར་ཉོ་ཚོང་འདུ་ཚོགས་སྐབས་གཉིས་པའི་ནང་གླིང་སྒྲུང་རིག་གནས་དང་། ཀརྨ་སྒར་བྲིས་ཀྱི་ཐང་ག། ཁམས་པའི་དམངས་སྲོལ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་ལ་ལྟད་མོ་བས་དགའ་བསུ་ཐོབ་ཡོད་པ་རེད།

ཕ་ཡུལ་དགེན་ཆེན་གྲོང་རྡལ་ནས་ཡིན་པའི་གྲོང་མི་ཀུན་དགའ་ཡིས་རིག་རྩལ་མཉམ་འཁྲབ་དང་ལག་ཤེས་བཟོ་རྩལ་འགྲེམས་སྟོན་ལ་གཟབ་ནན་ངང་བལྟས་རྗེས“གཟུགས་མེད་རིག་གནས་ཤུལ་བཞག་འདི་དག་ལ་རང་རང་གི་ཁྱད་ཆོས་ལྡན་ཡོད་ལ། དེ་ནི་སྡེ་དགེ་རིག་གནས་ཀྱི་མཚོན་བྱེད་ཤ་སྟག་ཡིན་པས། སླད་ཕྱིན་མི་དེ་བས་མང་པོས་འདི་དག་ཤེས་རྟོགས་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད།

ཀུན་དགའ་དང་འདྲ་བའི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ཨ་མྱེས་ལ་གཟུགས་མེད་རིག་གནས་ཤུལ་བཞག་ཐད་ངོས་འཛིན་སྟངས་ཐུན་མིན་ཞིག་ཡོད་པ་རེད། ཁོང་གིས་ཐེངས་འདིའི་འདུ་ཚོགས་ཁྲོད་སྡེ་དགེ་རྫོང་གིས“སི་ཁྲོན་ཞིང་ཆེན་གཞས་མ་གཏམ་གྱི་ཕ་ཡུལ(གླིང་སྒྲུང)”གྱི་སྒོ་བྱང་སྤྲད་པར་རང་ཉིད་ཧ་ཅང་དགའ་པོ་བྱུང་། སླད་ཕྱིན་མུ་མཐུད་དེ་ཤུགས་བརྒྱབ་ནས་གེ་སར་སྒྲུང་པའི་སྒྱུ་རྩལ་སྔར་བས་བརྒྱུད་འཛིན་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལས་ཞུགས་བྱས་ནས་ལོ60ཙམ་སོང་རིང་ཨ་མྱེས་ཀྱིས་དམངས་ཁྲོད་དུ་ཁྱབ་པའི་གླིང་སྒྲུང་གི་དཔེ་དེབ་རྒྱ་ཁྱབ་ངང་བསྡུ་རུབ་བྱས་ཏེ་བློ་རྩེ་གཅིག་སྒྲིམ་ངང་ཞིབ་འཇུག་བྱས་པ་དང་ད་བར《གླིང་སྒྲུང》བཤད་སྟངས་མི་འདྲ་བ་རིགས80ལྷག་ཤེས་པ་རེད།

འདུ་ཚོགས་རིང་མི་ཚང་མ་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ནང་ཞུགས་རྒྱུ་ནི་སྡེ་དགེ་རྫོང་གིས་ལས་དོན་དངོས་ལ་དམ་འཛིན་བྱེད་པའི“མེ་ལོང”ལྟ་བུ་ཞིག་ཏུ་ཆགས་ཡོད་པ་རེད། ཡར་དེང་ཡུལ་ཤོག་དང་ལྕང་ར་གྲོང་རྡལ་ཞིང་འབྲོག་མང་ཚོགས་ཀྱི་ཁྱད་ལྡན་ཞབས་བྲོ་ནས་གླིང་སྒྲུང་སྒྱུ་རྩལ་ཚོགས་པ་དང་ཇོ་རིའི་སྐོར་བྲོ་རུ་ཁག། རྒན་རྒོན་མཐུན་ཚོགས་མེ་ཕུང་དགུང་ཚོགས་བཅས་ཀྱི་དབར་མི་ཚང་མས་ངར་ཤུགས་གཅིག་སྒྲིལ་བྱས་ཏེ་སྡེ་དགེའི་གཟུགས་མེད་རིག་གནས་ཤུལ་བཞག་ལ་མཐུན་སྒྲིལ་ཆེ་བའི་རྣམ་པ་བཟང་པོ་ཞིག་བཏོད་པ་རེད།

སྡེ་དགེ་རྫོང་གི་དམངས་ཁྲོད་རིག་གནས་གསར་འཆར་ཉོ་ཚོང་འདུ་ཚོགས་སྐབས་གཉིས་པར་མངོན་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲུབ་འབྲས་དེ་སྡེ་དགེ་རྫོང་གིས་ལོ་མང་རིང་དཀའ་སྤྱད་འབད་འབུངས་བྱས་པ་དང་ཁ་འབྲལ་ཐབས་མེད། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་རྫོང་དེས་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་ཐོ1དང་། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག3 ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག5 ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག64བཅས་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། ཁུལ་རིམ་པ་བཅས་ཀྱི་བརྒྱུད་འཛིན་པ100ལྷག་གི་རེ་ཞུ་ལེགས་འགྲུབ་བྱུང་ཡོད་པ་རེད།

གྲུབ་འབྲས་འདི་དག་ནི་ཐེངས་གཅིག་གིས་ཐོབ་པ་ཞིག་ག་ལ་ཡིན། འོན་ཀྱང་གཟུགས་མེད་རིག་གནས་ཤུལ་བཞག་རིམ་སྤོར་གསར་བརྗེས་བྱེད་པར་གཟུགས་མེད་རིག་གནས་ཤུལ་བཞག་གི་རྣམ་པ་གསར་པ་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་ཉམས་ལེན་མངོན་འགྱུར་ཡོང་བ་བྱས་ནས་དོ་ཁུར་དེ་བས་མང་བ་ཐོབ་པ་བྱེད་དགོས་པས་སྡེ་དགེ་རྫོང་གིས་སྔར་བཞིན་འབད་བརྩོན་ལྷོད་མེད་བྱ་དགོས་ཤིང་།སྡེ་དགེ་རྫོང་དམངས་ཁྲོད་རིག་གནས་གསར་འཆར་ཉོ་ཚོང་འདུ་ཚོགས་སྐབས་གཉིས་པའི་རིང་རྫོང་དེའི་འབྲེལ་ཡོད་འགན་འཁུར་བས“གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་གནས་རྒྱུན་མཐུད་འཕེལ་རྒྱས་གཏོང་དགོས་ན་སྡེ་དགེ་རྫོང་གི་ལས་འགན་ད་དུང་ལྕི་ལ་ལམ་ཐག་རིང་བ་ཞིག་རེད”ཅེས་ནན་བཤད་བྱས་པ་ནང་བཞིན་རེད།

དེར་བརྟེན་སླད་ཕྱིན་གྱི་ལས་ཀའི་ནང་། སྡེ་དགེ་རྫོང་གིས་སྲོལ་རྒྱུན་རིག་གནས་བརྒྱུད་འཛིན་དང་དར་སྤེལ་གཏོང་རྒྱུ་ལས་འགན་ཨང་དང་པོར་བརྩིས་ནས་གེ་སར་གཏམ་རྒྱུད་འཁྲབ་ཚན་འཁྲབ་སྟོན་དང་། ལྷ་མོའི་སྒྱུ་རྩལ་མྱོང་རོལ། གླུ་གར་རིག་གནས་འགྲེམས་འཁྲབ། སྡེ་དགེའི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྙིང་སྟོབས་བརྒྱུད་སྤེལ་སོགས་གཞི་གཅིག་ཅན་དུ་འགྱུར་བ་བྱས་ཏེ་གློག་བརྙན་དང་། བརྙན་འཕྲིན། མང་འཕྲིན་དྲ་རྒྱའི་སྒྱུ་རྩལ། དམངས་སྲོལ་རིག་གནས། གཟུགས་མེད་རིག་གནས་ཤུལ་བཞག། རིག་གནས་གསར་གཏོད་ཐོན་རྫས་བཅས་གཞི་གཅིག་ཅན་གྱི་གྲོང་ཁྱེར་གྱི་རིག་གནས་ཕྱོགས་བསྡུས་དངོས་བཏོད་ནས་སྡེ་དགེའི་གཟུགས་མེད་རིག་གནས་ཤུལ་བཞག་གསར་སྐྲུན་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།

གསར་གཏོད་རང་བཞིན་གྱི་འགྲེམ་སྟོན་གྱིས་མིག་དབང་འཕྲོག།

སྡེ་དགེ་རྫོང་གི་དམངས་ཁྲོད་རིག་གནས་གསར་འཆར་ཉོ་ཚོང་འདུ་ཚོགས་སྐབས་གཉིས་པའི་རིང་ཚོང་ཟོག་འགྲེམ་སྟོན་དང་མི་རིགས་ལག་ཤེས་བཟོ་རྩལ་འགྲེམ་སྟོན་ལས་གྲུབ་པའི་གསར་འཆར་འགྲེམ་སྟོན་ནི་རྣམ་པ་གལ་ཆེན་གཞན་ཞིག་རེད། རིག་གནས་གླིང་འགྲེམས་ཁང་དང་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་ཚོང་པ་མང་པོས་མི་ཚོགས་ཀྱི་མིག་ལམ་དུ་བོད་རིགས་ཀྱི་རྒྱན་གོས་དང་རིན་པོ་ཆེ། ལག་ཤེས་ཐོན་རྫས། གནའ་རྫས་སོགས་རབ་ཏུ་མངོན་པ་རེད།

འགྲེམ་གནས་ཁག་ཏུ་ཚོང་པས་ཚོང་ཟོག་གི་རྣམ་པ་དང་། གྲུབ་ཚུལ་གྱི་རིག་པ། གོ་དོན་སོགས་རེ་རེ་བཞིན་ངོ་སྤྲོད་བྱེད་བཞིན་འདུག། དེ་དག་གི་གྲས་སུ་སྡེ་དགེ་རྫོང་དང་དེ་མིན་ཉེ་འཁོར་གྱི་དཔལ་ཡུལ་རྫོང་དང་དཀར་མཛེས་རྫོང་སོགས་ནས་ཡོང་བའི་ཚོང་པ་ཡོད་པ་རེད། ལོ་རབས90པའི་ནང་སྐྱེས་པའི་ཚོང་པ་ཨ་པད་ནི་དཔལ་ཡུལ་རྫོང་ནས་ཡོང་བ་རེད། ཨ་པད་ཀྱིས་གསར་འགོད་པར་ངས་བྱུ་རུ་དང་། སྤོས་ཤེལ། གཡུ་སོགས་འཚོང་གི་ཡོད། དུས་རྒྱུན་དང་མི་འདྲ་བར་འགྲེམས་ཚོགས་ནང་ཞུགས་ན་ཉིན་རེའི་ཡོང་འབབ་ལྡབ་འཕར་བྱུང་ཡོད་ཅེས་བཤད།

ཨ་པད་ཙམ་མ་ཡིན་པར་ཚོང་པ་གཞན་དག་ལ་ཡང་ཚོང་བྲིན་བྱུང་ནས་ཕྱིར་ལོག་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ཉིན་གསུམ་ནང་ཁྲོམ་ར་ཅན་གྱི་གཉེར་སྐྱོང་འོག་སྒོར་ཁྲི2000ལྷག་ཙམ་གྱི་ཚོང་འགྲིག་ཚད་དེས་སྡེ་དགེའི་རིག་གནས་གསར་འཆར་ལ་རེ་བ་ཆེན་པོ་ཡོད་པ་ཤེས་ཐུབ། དེས་ན་ཇི་ལྟར་བྱས་ནས་དེ་བས་རིན་ཐང་ལྡན་པ་ཞིག་ཏུ་བསྒྱུར་དགོས་ཞེ་ན། སྡེ་དགེ་རྫོང་གི་འབྲེལ་ཡོད་འགན་འཁུར་བས་མང་ཚོགས་ཀྱི་བློ་གྲོས་དང་སྣ་མང་གི་རིག་གནས་མཆོག་ནོར་སྔར་བས་མང་པོ་ཞིག་སྡེ་དགེ་འཕེལ་རྒྱས་ཀྱི་ཕུན་སུམ་ཚོགས་པའི་འབྱུང་ཁུངས་སུ་འགྱུར་བ་བྱས་ནས། རྫོང་ཡོངས་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བར་ནུས་པ་གལ་ཆེན་ཐོན་པར་བྱེད་དགོས་ཞེས་བཤད་པ་རེད།

ཉེ་བའི་ལོ་ཤས་རིང་། སྡེ་དགེ་རྫོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ཡུལ་སྡེ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ་གཞི་ཁྱོན་ལྡན་པའི་བསྐྱར་ལོག་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

དེ་དང་ཆབས་ཅིག། སྡེ་དགེ་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་།རིག་གནས་དམངས་ཕན་ལ་སྐུལ་འདེད། གཟུགས་མེད་རིག་གནས་ཤུལ་བཞག་ལས་དོན་སྤེལ་བ་སོགས་ཀྱི་ཐོག་ནས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་དང་རིག་གནས་གསར་གཏོད་ཐོན་རྫས་རབ་དང་རིམ་པ་གསར་སྤེལ་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ནུས་ལྡན་ངང་ཕུན་སུམ་ཚོགས་སུ་བཏང་བ། རིག་མཉེན་སྟོབས་ཤུགས་དང་ལྟེ་བའི་འགྲན་རྩོད་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྫོང་ཡོངས་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

སྤྱི་ཟླ9པའི་ཚེས9ཉིན་གྱི་དགོང་མོར། གླུ་གར་འཁྲབ་སྟོན་དང་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་དགའ་སྤྲོ་དང་།ཧུར་བརྩོན།རེ་བ་བཅས་ཀྱི་ལེ་ཚན་ཞིག་ཏུ་གྱུར་ནས་སྡེ་དགེ་རྫོང་གི་དམངས་ཁྲོད་རིག་གནས་གསར་འཆར་ཉོ་ཚོང་འདུ་ཚོགས་སྐབས་གཉིས་པ་བདེ་བླག་ངང་མཇུག་སྡུད་པར་བཀྲ་ཤིས་བཞག་པ་རེད། འདུ་ཚོགས་མཇུག་བསྒྲིལ་ཡང་སྤྲོ་སེམས་སྔར་བཞིན་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་ཁྲོད་སྡེ་དགེའི་གོམ་སྟབས་མདུན་ནས་མདུན་དུ་བསྒྱུར་ངེས་སོ།།



  • ལེ་ཚན་སྔོན་མ།:ཁུལ་སྲིད་གཞུང་ཏང་ཚན་ཁག་གིས2023ལོའི(རྒྱས་འཛོམས)གྲོས་ཚོགས་ཐེངས་བཅུ་པ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།