ཕ་ཡུལ་ནི་ཞེན་ཆགས་ཀྱི་བསླུས་པའི་ནམ་མཁའ་དེ་ཡིན་པར་སེམས།

གངས་སྨྱུག།        2023-09-20

ཕ་ཡུལ་ནི་ཅི་ཞིག་རེད།ང་ལ་མཚོན་ན་དེ་ནི་འགྲེལ་བཤད་མི་ཕོག་པའི་འདྲི་རྟགས་ཙམ་མ་ཡིན་པར་རྒྱུན་དུ་འདྲི་འདོད་ཆེ་རུང་མ་དྲིས་པའི་འཕྲིན་པ་ལྟ་བུ་ཞིག་རེད།ཏག་ཏག་ཕོ་ལོ་ཉི་ཤུའི་སྒོ་ཐེམ་བརྒལ་ཟིན་ཡང་ངའི་ཕ་ཡུལ་ཞེས་པ་དོན་དངོས་སུ་ཅི་ཞིག་ཡིན་པ་ཤེས་ཐུབ་ཀྱིན་མི་འདུག།ནམ་རྒྱུན་གནས་འདིའི་ནམ་མཁའ་དང་སྤྲིན་དཀར།ལུག་ཁྱུ།སྦྲ་ནག་མཐའ་དག་ཡུལ་གང་དུའང་མེད་ཚོད་ཀྱི་ལྟ་བ་ཞིག་ངང་ངམ་ཤུགས་ཀྱིས་ཆགས་འདུག།

བགྲང་བྱ་བཅུ་ཕྲག་ལྷག་གི་སློབ་སྦྱོང་གི་གོ་རིམ་ཁྲོད་དུ་ངའི་ཕ་ཡུལ་གླེང་བ་བགྲང་གིས་མི་ལངས་ལ་ཕ་ཡུལ་བྲིས་པའང་ཉུང་ཉུང་ག་ལ་ཡིན།ཡིན་ནའང་ཡང་སྙིང་ཅི་ཞིག་གིས་ང་རང་ཕ་ཡུལ་ཞེས་པ་འདིར་དགའ་ཞེན་དམིགས་བསལ་བ་ཞིག་ཡོད་པ་ངས་སྔར་བཞིན་རྟོགས་མྱོང་མེད།གང་ལྟར་ཡུལ་གཞན་དང་མི་འདྲ་བའི་ཞེན་ཆགས་ཤིག་གིས་ངས་དུས་རྒྱུན་གླེང་ན་འདོད་ཅིང་བྲི་བར་གོམས་ཡོད།

མི་ཞིག་ལ་ཐོག་མར་རང་ཉིད་ངོས་ཟིན་དུ་མཇུག་མཁན་ཕ་ཡུལ་ཡིན་ཞེས་ལབ་ཀྱིན་ཡོད་ལ།ཕ་ཡུལ་གྱི་རིག་གནས་དང་མི་རབས་ཀྱི་ཕྲེང་རྒྱུན་དེ་དག་གིས་ང་ཚོའི་འཇིག་རྟེན་གྱི་རྟེན་ཐག་རྒྱང་རིང་ཞིག་ལ་བསྲིངས་ཐུབ་ཀྱིན་ཡོད་པའང་སྨོས་ཅི་དགོས།ང་ནི་ཕ་ཡུལ་གྱི་ནམ་མཁར་ཞེན་མཁན་གྱི་རྒོད་པོ་དེ་ཡིན་པས་ཕ་ཡུལ་གྱི་མཁའ་དབྱིངས་སུ་བསྟོད་བསྔགས་ཀྱི་སྙན་ངག་འབྲི་འདོད་ཀྱིན་ཡོད་ཅིང་།ང་ནི་ཕ་ཡུལ་གྱི་ཡུལ་ལུང་ལ་འཁྲེང་པའི་འབྲོང་རྒོད་དེ་ཡིན་པས་ཕ་ཡུལ་གྱི་མཛེས་དཔལ་ལ་དུང་ཞེན་གྱི་ངར་སྐད་སྒྲོག་འདོད་ཀྱིན་ཡོད།དེར་བརྟེན།ཕ་ཡུལ་གྱི་གཞིས་ཀ་དེ་ནས་བྱུང་བའི་མཛའ་བརྩེ་དང་དགའ་བ་མཐའ་དག་ང་ལ་མཚོན་ན་རིན་ཐང་བྲལ་བའི་སྙིང་ནོར་གསོན་པོ་ཞིག་རེད་ཅེས་ལབ་ཀྱང་ཆོག།

ལོ་ཟླའི་བཞུད་ལམ་ལ་འཁྲེང་སེམས་ཀྱི་ཐ་སྙད་བསགས་ན་ངས་ཅི་ནས་ཀྱང་ཁྱེད་ཉིད་གླེང་དགོས་བྱུང་གིན་ཡོད།ཕྱིར་དྲན་གཙང་པོ་ལ་དུང་ཞེན་གྱི་རབ་ཁ་བརྩིགས་ན་ངའི་རང་འགུལ་གྱིས་ཁྱེད་ཉིད་དྲན་གྱིན་ཡོད།དེ་ནི་གླེང་སྟངས་མི་གཅིག་པ་ཞིག་རེད།དྲན་སྟངས་དམིགས་བསལ་བ་ཞིག་རེད།གང་ལྟར་ཕ་ཡུལ་གྱི་ཞེན་ཆགས་དེ་དག་གི་བསླུ་བྲིད་ཀྱི་དབང་གིས་ངའི་འཚོ་བར་ཁ་དོག་མི་གཅིག་པ་ཞིག་བསྣན་ཡོད།དེར་བརྟེན།དབྱངས་དང་གསལ་བྱེད་ཀྱི་ཚིག་འབྲིའི་ཁྲོད་ན་ཡོད་པའི་ཕ་ཡུལ་ནི་རིག་གནས་ཀྱི་རྟེན་ཐག་ཅིག་རེད།གླུ་དང་གར་གྱི་རླབས་ངོས་ན་སྐྱོམ་པའི་ཕ་ཡུལ་ནི་སྒྱུ་རྩལ་གྱི་བླ་སྲོག་ཅིག་རེད།

ཕ་ཡུལ་དང་ཕ་ཡུལ་ཟེར་བཞིན།མི་ལོ་དུ་མའི་གཏམ་རྒྱུད་ཤོག་ལྷེ་རུ་བྲིས་ཚར་ཞིང་སེམས་ངལ་གང་མང་ཞིག་གི་བྱུང་བ་མིད་དུ་འགགས་ཟིན།ཡིད་མི་ཚིམ་པའི་མཐོང་སྣང་དང་གོམ་ལོབས་སུ་གྱུར་བའི་མྱོང་བ་དེ་དག་ནི་ནམ་ཡིན་ཡང་སེམས་ཀྱི་གཙང་པོ་བརྒལ་བའི་ཟམ་ཆེན་དེ་རེད་ཨང་།ཡང་གཅིག་བཤད་ན་ཞེན་ཆགས་ཀྱི་བསླུས་པའི་སེམས་པ་དེའང་ཕ་ཡུལ་ཁོ་ནར་མ་གཏོགས་མི་འདུག།



  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་དཔྱིད་ཀ་རྗེས་སུ་དྲན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།