མ་ཡུམ་སློབ་གྲྭར་སྤྲིངས་པའི་འཕྲིན།

གངས་སྨྱུག།        2023-08-14

འདས་དོན་གྱི་ཡོལ་བའི་ངོས་སུ་ད་དུང་ཡང་ས་འདིའི་སྣང་བརྙན་གསལ་ལྷང་ངེར་གནས་ཡོད་དེ། ཕྱིར་དྲན་གྱི་མེ་ལོང་ངོས་སུ་བཙའ་མ་ཆགས་པའི་སེམས་པ་འདིས་ཡང་དང་བསྐྱར་དུ་ངའི་སེམས་པ་སྒུལ་བ་ཐེངས་རེ་གཉིས་ཙམ་ག་ལ་ཡིན།

བར་ཐག་དེ་སུ་ཞིག་གིས་བསམ་གཟས་དེ་བཅད་པ་དང་འདྲ་བར། ལོ་ཟླའི་རུམ་འོག་ནས་ཁྱེད་དང་འུ་གཉིས་གྱི་བར་ཐག་རིང་དུ་གྱེས་ཡོད་ཀྱང་། སེམས་ཀྱི་དག་ཞིང་ལ་སྒོམ་པའི་ཁྱེད་ཀྱི་བྱམས་བརྩེ་དྲོན་མོ་སེམས་ལ་ཉར་ཡོད། རང་ཉིད་མ་བོར་བའི་སྔོན་འགྲོའི་ཤོག་ལྷེ་དེ་ཧྲག་སེ་ཕར་ལ་རྫོགས་ཤུལ་དུ་ང་ཡང་སླར་ཡང་ཚུལ་མཐུན་གྱི་མི་ཚེའི་སྟེགས་བུ་ཞིག་ཏུ་སྡོད་པའི་གནས་བབ་དེ་ཡང་ཁྱེད་ཀྱིས་ང་ལ་དམིགས་ཏེ་བསྐྲུན་པ་མ་ཡིན་ནམ། དེར་བརྟེན། ནམ་རྒྱུན་ཁྱེད་ཉིད་འབྲི་བའི་སྟ་གོན་ནི་ང་ལ་མཚོན་ན་ཚགས་སུ་ཆུད་པའི་བྱ་བ་ཞིག་དང་འདྲ་བར་སྣང་སྟེ། ཧ་ཅང་སྙིང་ཉེ་ཞིང་གླེང་འདོད་པའི་ཀུན་སློང་ཞིག་ངང་ངམ་ཤུགས་ཀྱིས་སྟེར་འོང། འདི་ནི་འུ་གཉིས་ཀྱི་བར་ལ་ལས་དབང་དམིགས་བསལ་བ་ཞིག་ཡོད་པའི་རྐྱེན་གྱིས་ཡིན་ངེས་ལ། དགའ་ཞེན་དང་དུང་བ་ལྷག་མ་ཞིག་ཡོད་པའི་དབང་གིས་ཡིན་ཡང་སྲིད།

བགྲངས་བྱ་རྒྱུ་སྐར་གྱི་ཕྲེང་བ་ལོ་ཟླའི་ཟས་སུ་ཆུད་པའི་དེ་རིང་། ཕལ་ཆེར་ཉིན་ཞག་འཛུབ་རྩེ་ནས་རྩིས་མི་ཚར་བའི་དུས་ཚོད་ཅིག་ཁྱེད་ཉིད་དྲན་པའི་ལོ་ཟླ་རུ་གྱུར་ཡོད་ཅིང་། དུས་ཀྱི་གཙང་པོ་རྒྱང་རིང་ཞིག་ལ་དེད་ཟིན་པའི་གཏམ་རྒྱུད་མཐའ་དག་དྲན་ངོས་སུ་མེ་སྟག་བཞིན་ཚ་ལམ་ལམ་དུ་མངོནགྱིན་ཡོད། དེའི་རྐྱེན་གྱིས་སེམས་རྒྱུ་གཙང་མ་ཞིག་གི་རྨི་ལམ་རྙེད་སར་གྱུར་བའི་ཁྱེད་ཀྱི་བྲང་གཞུང་རིང་མོ་ང་ཚོའི་མིག་རྒྱང་རིང་དུ་སྲིང་བྱེད་ཀྱི་སྤོབས་པའི་འབྱུང་ཁུངས་ཡིན།

ལྷོད་ཤ་ཆགས་པའི་གཟུགས་བརྙན་དེ་ཡི་སེམས་ཀྱི་རབ་ཁར་དྲན་ཤིང་གི་རྡོ་རིང་སྲ་མཁྲེགས་ཅན་ཞིག་བཞེངས་ཡོད་པ་ཁྱེད་ཉིད་ཡིན་ཞིང་། དྭངས་བ་འདྲེན་པའི་ཁོར་ཡུག་དེ་ཡི་དྲན་ངོས་སུ་གསུབ་མེད་ཀྱི་སྣང་བརྙན་གསོན་ཉམས་ཅན་ཞིག་བསྐྲུན་ཡོད་པ་ཁྱེད་ཉིད་ཡིན། དེར་བརྟེན། ཁྱེད་ཀྱི་འོད་མདངས་ལ་བརྒྱུས་པའི་རྣམ་ཤེས་འདི་ཡི་ཁྱེད་ཉིད་དྲན་ཀྱིན་ཡོད། ཁྱེད་ཀྱི་རང་མདངས་ལ་ཞེན་པའི་མི་ཕོ་འདི་ཡིས་ཁྱེད་ཉིད་གླེང་གིན་ཡོད།



  • ལེ་ཚན་སྔོན་མ།:ནད་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།