འབྲོག་མཚེར་གྱི་དུ་བ།

དབྱངས་ཞི་བ།        2023-07-19

གྲང་ངར་ཆེ་བའི་དགུན་དུས་སུ་ས་གཞི་ཆེན་མོ་ཁ་བས་གཡོགས་ལ། ཁ་བའི་མེ་ཏོག་རེ་རེ་ནི་དུས་ཚིགས་དེའི་ཆེས་དྭངས་བའི་རྣམ་པ་ཡིན་ལ། ཁ་བའི་འཇིག་རྟེན་ཞིག་ང་ཚོའི་མིག་མདུན་དུ་རྣམ་པར་མངོན། གངས་ཀྱིས་གཡོགས་པའི་ཁ་བའི་འཇིག་རྟེན་ཡུལ་འདི་རུ། བརྗིད་ཅིང་མངོན་པའི་རི་བོ་དག་འགྱིང་ངེར་ལངས་ཤིང་། ཕྱོགས་བཞིར་རི་བོ་དུ་མས་བསྐོར། འཁྱགས་རོམ་གྱིས་ཉམས་འགྱུར་སྟོང་གིས་ཕྱུག་པའི་དགུན་དུས་ལ་ཐུན་མིན་གྱི་མཛེས་པ་ཞིག་བསྩལ་ཡོང་། གསོམ་སྡོང་གི་དྲི་ཞིམ་དང་ཁ་བའི་དྭངས་གཙང་གིས་བྱ་དངོས་ཡོད་ཚད་ལ་འཆར་ཡན་གྱི་རྣམ་པ་མངོན་བཞིན་ནེའུ་གསིང་གཡུ་ལོ་ཐགས་སུ་བཀྲ་བའི་རྩྭ་ལྗང་གི་ལོ་མ་རེ་རེའི་སྟེང་དུ་ཟིལ་བ་ཁྲོམ་མེར་འདུག་ལ། དེ་ནི་འོད་ལམ་ལམ་གྱི་མུ་ཏིག་རེ་རེ་ལ་ཕྲ་བཏབ་པ་དང་ཀུན་ནས་མཚུངས། ཁོད་ཡངས་པའི་སྤང་ལྗོངས་ངོས་སུ་གཡག་རྒོད་རྩྭ་ཐང་ལ་བཀྲམ་འདྲའི་སྦྲ་ནག་རྣམས་ཚོམ་བུ་དང་ཚོམ་བུ་གནས་ལ། རི་བོ་མཐོན་པོ་དག་གིས་ཀྱང་རྩེ་ལ་སྤྲིན་དཀར་གྱི་ཅོད་པན་མནབས་འདུག གཤིས་བཟང་འབྲོག་མོའི་བཞོ་དབྱངས་དང་ནོར་ནག་འབྲི་མོའི་ངུར་སྒྲ་སོགས་ཀྱི་དབྱངས་རྟ་གཅིག་ཏུ་འདྲེས་པའི་འབྲོག་ཐང་གི་ཞོགས་པའི་འཚོ་བ་ལ་སྔར་མེད་ཀྱི་མཛེས་ཉམས་ལྡན་པའི་ཉམས་སྣང་སྟེར།སྦྲ་འདབ་ཡར་བཀྱགས་པའི་བསིལ་འོག་ན་འབྲུ་དྲུག་མ་ཎི་དབྱངས་རྟ་ལྷོད་ཀྱིས་གྱེར་ཞིང་ཕྱག་ན་རིན་ཆེན་གསེར་གྱི་འཁོར་ལོ་དལ་གྱིས་བསྐོར་བའི་ཨ་མྱེ་བསམ་དཀར་དེ་ཚོས་ཕྲེང་བ་འདྲེན་པ་ཡང་སྣང་ཡོང་། སྐྱིད་པའི་འབྲོག་ཐང་ནི་མདོངས་མཐས་སྒྲོ་གུར་ཕུབ་པ་དང་འདྲ་བ་ཡིད་དུ་འོང་།མིག་ཟུང་རྒྱང་ལ་འཁོར་ཚེ་གནམ་ས་གཉིས་ཀ་གཅིག་ཏུ་འདྲེས་པ་དང་དབྱེར་མ་མཆིས།མེ་ཏོག་རྣམས་ནི་སེར་ལམ་མེ།ཁྲ་ཆིལ་ལེར་བཞད་དང་སྦྲ་ཁྱིམ་རྣམས་ཉེ་རིང་མེད་པ་འཛོམས་འདུག ནུབ་ཁའི་ཉི་ཟེར་གྱི་འོག་ཏུ་རྩྭ་ཐང་གིས་ན་བཟའ་ལྗང་སེར་ཞིག་བནབས་པ་དང་མགོ་སྦྲ་སྨུག་པོའི་ཁ་ཚུབ་ལས་དུ་བ་ལྷོག་ལྷོག་ཏུ་འཕྱུར།གཡང་དཀར་ལུག་གི་འབབ་སྒྲ་དང་ཐུལ་དཀར་འབྲི་མོའི་ངུར་སྒྲ།གྱི་ལིང་རྟ་ཕོའི་འཚེར་སྒྲ་དང་གཞན་གསོས་བུ་མོའི་གྲེ་འགྱུར་ངག་གི་དབྱངས་རྟ་བཅས་གཞི་གཅིག་ཏུ་འདྲེས་ཏེ་སྲོ་ཁའི་སྤང་ཐང་ལ་བདེ་སྐྱིད་ཀྱི་དཔལ་ཡོན་བསྣན་པ་དང་།མུ་མེད་རྩྭ་ཐང་གི་མཚར་སྡུག་དང་མཛེས་པ་འདི་དག་གིས་ཡིད་དབང་འཕྲོག་པ་བཞིན་དལ་ཅག་གེ ཁུ་སུམ་མེར།དབེན་འཐིང་ངེར་འདུག ལྷའི་བཟོ་བོ་བི་ཤྭ་རྐམའི་སོར་རྩེ་ལས་ཐོན་པ་ལྟ་བུའི་མཛེས་སྡུག་གི་འབྲོག་ཐང་ནི་ནག་མོ་ཁོལ་གྱིས་སྙན་ངག་ལས་ཀྱང་བརྗོད་བྱ་ཕུན་སུམ་ཚོགས་པའོ།།


  • ལེ་ཚན་སྔོན་མ།:ཁེར་རྐྱང་གི་མཚན་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།