ཞི་ཅིན་ཕིང་གིས་དྲྭ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་།

    མི་དམངས་ཉིན་རེའི་ཚགས་པར་ལས་དྲངས།    2023-07-19

       ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ7པའི་ཚེས15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དྲྭ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་དྲྭ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་དེ། ཏང་གིས་དྲྭ་འཕྲིན་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་དང་། དྲྭ་རྒྱའི་བར་མཐོངས་ཀྱི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་བརྟན་པོ་དང་སྟོབས་ཆེར་ཕྱིན་པ། དྲྭ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་གཞི་རྩའི་ཆ་ནས་གྲུབ་པ། དྲྭ་རྒྱའི་བདེ་འཇགས་ཀྱི་འགན་ལེན་མ་ལག་དང་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། དྲྭ་འཕྲིན་ཁྱབ་ཁོངས་ཀྱི་ཚན་རྩལ་རང་ཚུགས་རང་དར་ཡོང་བར་བྱེད་པའི་གོམ་སྟབས་མགྱོགས་སུ་ཕྱིན་པ། ཆ་འཕྲིན་ཅན་གྱི་སྐུལ་འདེད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་པ། དྲྭ་རྒྱའི་བར་མཐོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། དྲྭ་རྒྱའི་བར་མཐོངས་ཀྱི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བཅས་དྲྭ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཐད་གོམ་སྟབས་གསར་པ་སྤོས་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དྲྭ་འཕྲིན་བྱ་གཞག་གི་གནས་བབ་གལ་ཆེན་གྱི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དྲྭ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། དར་ཆ་བསྒྲེངས་ནས་དམངས་སེམས་གཅིག་སྡུད་བྱེད་པ་དང་། ཉེན་ཁར་འགོག་ཟོན་བྱས་ནས་བདེ་འཇགས་འགན་ལེན་བྱེད་པ། བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་འཚོར་ཕན་འདོགས་པ། སྒུལ་ནུས་ཆེ་རུ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཉམ་ལས་དོན་གཉེར་བྱས་ནས་གཉིས་ཕན་ཡོང་ཐབས་བྱེད་པ་བཅས་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་ཏང་གིས་དྲྭ་སྦྲེལ་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་དང་། དྲྭ་འཕྲིན་དམངས་ཀྱི་ཆེད་དུ་ཡིན་པ་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་དྲྭ་རྒྱ་བཅོས་སྐྱོང་གི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས། དྲང་ནུས་སྤེལ་བ་ནི་སྤྱིའི་བླང་བྱ་དང་། དོ་དམ་བྱེད་ཐུབ་པ་ནི་ལྡོག་མེད་ཀྱི་གནས་ལུགས། བེད་སྤྱོད་ཡག་པོ་བྱེད་པ་ནི་འཇོན་ཐང་ངོ་མ་ཡིན་པ་བཅས་མཐའ་འཁྱོངས། རྒྱལ་ཁབ་ཀྱི་དྲྭ་རྒྱའི་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོར་འཛུགས་རྒྱུ་མཐའ་འཁྱོངས། དྲྭ་འཕྲིན་ཅན་གྱི་སྐུལ་འདེད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས། ཁྲིམས་ལྟར་དྲྭ་རྒྱར་དོ་དམ་དང་། ཁྲིམས་ལྟར་དྲྭ་རྒྱ་གཉེར་བ། ཁྲིམས་ལྟར་དྲྭ་རྒྱར་ཞུགས་པ་བཅས་མཐའ་འཁྱོངས། 

        དྲྭ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་དྲྭ་འཕྲིན་ལས་དོན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། དྲྭ་འཕྲིན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། དྲྭ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། རིམ་ཁག་ཏང་ཨུ(ཏང་ཚན་ཁག)ཡིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དྲྭ་འཕྲིན་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པ་དང་། རིམ་ཁག་དྲྭ་འཕྲིན་སྡེ་ཚན་གྱིས་ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་དང་། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་པ། གསར་འབྱེད་གསར་གཏོད་བྱེད་མཁས་པ། འཐབ་རྩོད་དང་གདོང་ལེན་བྱེད་ཕོད་པ། འབད་འཐབ་དང་ལེགས་སྐྱེས་འབུལ་སྤྲོ་བ་བཅས་བྱས་ནས་དྲྭ་འཕྲིན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། སྤྱི་ཟླ7པའི་ཚེས14དང15ཉིན། རྒྱལ་ཡོངས་ཀྱི་དྲྭ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚོགས་འདུར་ཞུགས་པ་དང་འབྲེལ་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་ཀྱང་གནང་བ་རེད། ཚའེ་ཆི་ཡིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་། དྲྭ་འཕྲིན་ལས་དོན་གྱི་འགན་འཁྲི་དང་ལས་འགན་ཁ་གསལ་བཏོན་ནས“མཐའ་འཁྱོངས་བཅུའི”རྩ་དོན་གལ་ཆེན་ཁ་གསལ་བཏོན་གནང་བར་མ་ཟད། དྲྭ་འཕྲིན་ལས་དོན་ལ་བླང་བྱ་ཡང་བཏོན་གནང་བར་ཆབ་སྲིད་རང་བཞིན་དང་། འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དྲྭ་འཕྲིན་ལས་དོན་ཡག་པོ་བསྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད། དེར་བརྟེན་ང་ཚོས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད། པེ་ཅིང་གྲོང་ཁྱེར་དང་། ཧྲང་ཧའེ་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན། སློབ་གསོ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། མི་དམངས་ཉིན་རེའི་ཚགས་པར་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད། ཧྲེ་ཐའེ་ཧྥུང་དང་། ཧོ་ལི་ཧྥུང་། ཀྲང་ཡིའུ་ཞ། ཁྲེན་ཝུན་ཆིང་། ཝང་ཞའོ་ཧུང་། ཝུའུ་ཀྲེང་ལུང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། ཀྲུང་དབྱང་དྲྭ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ལྷན་གྱི་ཁོངས་མི་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། འབྲེལ་ཡོད་མི་དམངས་ཚོགས་པ། འབྲེལ་ཡོད་གཞུང་ཁོངས་ཁེ་ལས། དམག་དཔུང་གི་འབྲེལ་ཡོད་ཚན་པ། ཀྲུང་དབྱང་གི་གཙོ་གནད་གསར་འགྱུར་དྲྭ་ཚིགས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།། 

  • ལེ་ཚན་སྔོན་མ།:《བདེན་འཚོལ》དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།