ཁམས་རྟའུ་ཡི་སྤྱི་བཤད།

སྐུ་ནུབ་བློ་བཟང་རྒྱ་མཚོ།        2023-07-18

    ཁམས་རྟའུ་ཡི་སྤྱི་བཤད།

    ཁམས་རྟའུ་ནི་དེང་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་གི་མཚམས་དང་དཀར་མཛེས་ཁུལ་གྱི་བྱང་ཤར་མཚམས་སུ་གནས་ཡོད་ལ།  སའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ7053བཟུང་ཡོད་ལ་མི་གྲངས53378ཡོད།  མཚོ་འཕགས་སྨི2900ཡས་མས་ཡོད། ས་ཁུལ་འདི་ནི་ས་བབ་མཐོ་དམན་ཚོད་ལ་རན་པ་ཡིན་པས་དྲོ་གྲང་སྙོམས་པོ་ཡིན་ཕྱིར་རོང་འབྲོག་གི་ཐོན་འབྲས་བཟང་ཞིང་ཕུན་སུམ་ཚོགས་པོ་ཡོད།  སྲིད་པ་ཆགས་ནས་རང་བྱུང་གི་ཁོར་ཡུག་མཛེས་ཤིང་ཡིད་དུ་འོང་བ་ལ་གདོད་མའི་ནགས་ཚལ་གྱིས་རི་ལུང་བརྒྱན་ཅིང་དྭངས་ཤིང་གཙང་བའི་གངས་རི་དང་ནགས་རི་རྫ་རི་བཅས་སྤང་ཐང་དང་འདྲེས་ནས་ཡོད་པ།  ཕྱོགས་མཚམས་ཀུན་ཏུ་མཚོ་དང་མཚེའུ་ཕྲ་ཚོམས་བཀོད་པ་བཞིན་གནས་པ་དང་།  དེར་རི་དྭགས་དང་གཡུང་དྭགས་སྣ་ཚོགས་ཀྱིས་རྩེ་བཞིན་བག་ཡངས་སུ་གནས་ནས་ཡོད་ལ་རྩ་སྨན་གཙོ་བོར་གྱུར་པའི་རྩི་ཤིང་རིགས་ཀྱི་སྐྱེ་དངོས་སྣ་མང་ལ་ཕུན་སུམ་ཚོགས་པ།  རང་བྱུང་གི་གཏེར་དངོས་ཐོན་ཁུངས་ཕྱུག་པོ་ཡོད་ལ་རང་བྱུང་གི་ཆུ་ཚན་ཡང་ལ་ལུང་ཀུན་ཏུ་ཁྱབ་ནས་ཡོད་ཅིང་སོ་སོའི་ཕན་ནུས་ཀྱང་མི་འདྲ་བས་མི་རྣམས་ཀྱི་ཁམས་དབང་དང་ནད་ཁམས་དང་མཐུན་མིན་ལ་གཞིག་ནས་གདམས་ཀ་བྱེད་ཆོག་པ་ཡོད།  ཁོར་ཡུག་དེ་དང་མཐུན་པའི་མི་རྣམས་ཀྱང་གཤིས་སྤྱོད་བཟང་ཞིང་ལས་ལ་བརྩོན་པ་དང་དཔའ་ངར་ཆེ་བ་ཡར་ཐོན་གྱི་སེམས་ཤུགས་ཆེ་བས་གནའ་ནས་འཛུགས་སྐྲུན་ལ་དོ་སྣང་བྱེད་པས་ན་མཁར་དང་ཁང་པ་བརྗིད་ཅིང་བརླང་ལ་མཛེས་སྤྱོད་སྒྱུ་རྩལ་གྱི་ཉམས་དང་ལྡན་པ་བཞེངས་བསྐྲུན་བྱས་ཡོད་པས་ཁང་པ་འཛུགས་སྐྲུན་ཐད(ཀྲུང་གོའི་བོད་ཁང་མཛེས་བཟོའི་སྒྱུ་རྩལ་གླིང)གི་མཚན་སྙན་གནང་ཡོད་པའང་དོན་ལ་གནས་པ་ཞིག་རེད་ཡོད།  འགྲོ་བ་མིའི་ལོ་རྒྱུས་ཡོད་ནས་བཟུང་རྟའུ་ཡི་མི་རྣམས་ཀྱང་བློ་བརྟན་འགྱུར་མེད་ངང་ཕ་ཡུལ་ལ་དགའ་བ་དང་རང་ཁྱིམ་ལ་གཅེས་པར་འཛིན་མཁན་ཡིན་པའི་རྒྱུ་མཚན་གྱིས་གནའ་བོའི་ཁམས་སྐད་རྙིང་པ་དེ་མ་ནུབ་པར་ད་བར་སྤྱོད་བཞིན་ཡོད་པ་གནའ་བོའི་བརྡ་དང་ཐ་སྙད་ཧ་ཅང་ཕྱུག་པོ་ཡིན་པས་ལོ་རྒྱུས་ལ་རྒྱུས་ལོན་དང་ཞིབ་འཇུག  སྐད་བརྡ་རིག་པར་ཞིབ་འཇུག་བྱེད་མཁན་སོགས་ཀྱི་མཁས་དབང་ཚོས་ཡུལ་འདི་ལ་ཐུགས་ཧ་ཅང་དགྱེས་པོ་གནང་བཞིན་འདུག   འདི་འདྲའི་གནའ་སྐད་རིན་ཐང་ཅན་ནི་ད་ལྟ་སའི་གོ་ལར་དཀོན་པོ་ཆགས་ཤིང་ལོ་རྒྱུས་ཀྱི་བདེན་དཔང་གི་རྡོ་རིང་གསོན་པོ་ཞིག་ཏུ་ཆགས་ཡོད་པ་རེད་ཡོད་དོ།།དེ་བཞིན་དུ་རྟའུ་ཡི་ས་ཆ་གང་དུ་སོང་ཡང་གནའ་མཁར་མེད་ས་མེད་པར་མ་ཟད་མཁར་དབྱིབས་ཀྱང་སྣ་ཚོགས་པ།  དེ་དག་གིས་ཀྱང་ས་གནས་འདི་གའི་མི་རྣམས་ཀྱིས་སྙིང་སྟོབས་དང་བློ་བརྟན་འགྱུར་མེད་ཀྱིས་རང་ཡུལ་འཛུགས་སྐྲུན་བྱས་པའི་སྤོབས་པ་མཚོན་པར་བྱེད་པ་ཡིན།  ཁང་པ་རེ་དང་མཁར་རེ་མཉམ་དུ་སྦྱར་ནས་ཡོད་པ་འདི་ཡང་གནའ་སྔ་མོའི་ཕོ་བྲང་ཡུམ་བུ་བླ་སྒང་མཁར་གྱི་བཟོ་བསྐྲུན་དང་འབྲེལ་བ་ཆེན་པོ་ཡོད་ངེས་ཡིན།  ད་བར་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད་དམངས་ཁྲོད་རིག་གནས་སྒྱུ་རྩལ་བརྒྱུད་འཛིན་པ་ལྷག་བསམ་ཅན་གང་མང་ཞིག་བཞུགས་ཡོད་པས་ན་གཞོན་ཚོས་གོ་སྐབས་དམ་འཛིན་གནང་བའི་དུས་སྐབས་ལེགས་ཤོས་སུ་གྱུར་ཡོད་དོ།།

  • ལེ་ཚན་སྔོན་མ།:ཏུན་ཧོང་གཏེར་ཡིག་ཏུ་བཀོད་པའི་རྟེའུ་ཞེས་པའི་མིང་ལ་རགས་ཙམ་དཔྱད་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།