འཚོ་བའི་རྐང་པ་སྒྲོག་ཏུ་ཚུད།

ལུག་རྫི།        2023-07-17

ཕྱི་ལོགས་གཡུལ་གྱིས་སྡོད་མི་འཇུག །

ཤི་གསོན་བརྟག་དཔྱད་གཡུལ་ངོར་བྱེད། །

ནང་ལོགས་ནད་ཀྱིས་འགྲོར་མི་འཇུག །

ཤི་གསོན་བརྟག་དཔྱད་ནང་དུ་བྱེད། །

རྨི་ལམ་ཞིང་དུ་སོང་ཤུལ་ལ། །

སྡོང་ལོ་བཞིན་དུ་ཡུལ་བོར་ཅིང་། །

གཡུལ་དང་མལ་དུ་དབུགས་ཆད་པའི། །

སྲོག་སོང་སྐྱེ་བོ་བགྲང་ནུས་སུ། །

ཐད་འཕུར་ཉིན་འཕུར་མཚན་འཕུར་རེད། །

ཅུང་ཙམ་འཁྲུགས་པ་ཨེ་ཡིན་སྙམ། །

ནད་པ་གཅིག་འཕར་གཉིས་འཕར་རེད། །

བརྒྱ་སྟོན་སྒུག་པ་འདྲ་བྱུང་ལ། །

ཐོག་ཁའི་དར་ལྕེ་བསྐྱོད་ཚུལ་འདི། །

རྒྱང་བཞུད་ཕེབས་བསུ་བྱེད་པའམ། །

ཕྱི་མི་རང་ཁྱིམ་རྫོང་བྱེད་པའི། །

བདེ་མོའི་ལག་བརྡ་བྱེད་དང་མཚུངས། །

ཉི་གཞོན་ལྷ་མོས་དགུ་ཐོག་གི། །

ཕྲག་པའི་སྟེང་ལ་མ་ནེ་བཞག །

བརྩེ་བས་འགྲོ་ལ་རྒྱང་གཟིགས་གནང་། །

བྱམས་བརྩེ་འོད་བརྒྱར་སྤྲུལ་ནས་བསྩལ། །

ང་ཡི་གྲུ་མོ་སྒེའུ་ཁུང་ཁར། །

བཙུགས་ནས་ཡུན་གྱིས་ཕར་བལྟས་པས། །

མོ་རང་ངོ་ཚའི་ཟོལ་གྱིས་ནི། །

དལ་བུར་ཁང་བརྩེགས་ཕག་ཏུ་ཡིབ། །

ང་ཡི་མིག་ཟུང་སར་ཕབ་པས། །

གྲང་རེག་བཙན་པོས་དུས་བྱས་པའི། །

སྡོང་ལོ་རྒན་འཁོགས་ཁྱུ་ཚོགས་ཤིག །

ཁང་མདུན་སྤང་ན་འགྱེལ་བ་མཐོང་། །

  • ལེ་ཚན་སྔོན་མ།:ས་འཛིན་སྙིམ་པའི་མེ་ཏོག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།