ཕ་ཡུལ་ལ་འཁྲེང་པའི་སེམས་པ།

རྡོ་མོ་འཚོ།        2023-07-14

ཉི་མའི་འོད་མདངས་ནི་གསེར་མདོག་གི་སྐ་རགས་ཤིག་དང་འདྲ་བར་ཤར་ཕྱོགས་ཀྱི་སྤྲིན་པའི་གསེབ་ནས་ཁོད་ཡངས་པའི་ས་གཞི་ལ་འཕྲོ་དུས།རི་ལུང་ཐང་གསུམ་ནི་ལྷིང་འཇགས་ཀྱི་འཇིག་རྟེན་ལ་ཐིམ་ནས། རྩྭ་འགོའི་ཟིལ་ཐིགས་ལྷུང་བའི་སྒྲ་ཙམ་དང་བྱ་བྱེའུ་མ་རབས་འགའ་ཡི་གྲག་འགུལ་རེ་ཙམ།འབྲོག་ཁྱིའི་ཟུག་སྐད་ཁ་ཤས་བསེར་བུས་འཁྱེར་ཡོང་བའི་སྒྲ་ཙམ་དང་། དུ་སྤྲིན་དལ་བུར་གཡོ་ཞིང་རླུང་བུ་བསིལ་མོར་ལྡང་བའི་འགྲོས་དང་འགྲོགས་ནས་ལོ་ན་ཕྲ་ཡང་ལང་ཚོ་རྫོགས་པའི་བུ་མོ་ཞིག་གིས་གཙང་པོ་ཟོལ་གྱིས་བཅུས་ཏེ་ཁུར་ནས་འགྲོ་བ་ལས་ཡུལ་ལྗོངས་འདིའི་ལྷིང་འཇགས་དཀྲོག་མཁན་ཡེ་ནས་མི་འདུག།

བུ་ལོན་དང་རྔན་པ་མི་དགོས་པའི་ཨ་མའི་བྱམས་བརྩེ་དང་།གསོག་རྫོབ་དང་གཡོ་ཐབས་སྤྱོད་མི་དགོས་པའི་ཨ་ཕའི་གཅེས་སེམས།རྒྱལ་ཕམ་དང་ཐོབ་ཤོར་རྩོད་མི་དགོས་པའི་ཁྱིམ་མའི་ཚོགས་བསྐྱུར་ཏེ། རང་ཉིད་འཚར་ལོངས་བྱུང་སའི་གནས་མལ་དང་བྲལ་ནས་གནས་ངེས་མེད་འགྲིམས་པའི་ང་ལ་མཚོན་ན། རང་གྲོལ་ལགས་ནས་ལྷ་ཡུལ་ལྟ་བུའི་རྒྱལ་ས་པེ་ཅིང་ན་གནས་ཀྱང་།ཕ་ཡུལ་དྲན་པའི་འདུན་པ་འགོག་ཐབས་རང་མི་འདུག་ཅེས་པའི་ཚིག་འདི་ནི་བདེན་པའི་སྒ་ཆ་བསྟད་ཆོག་ཆོག་ཡིན་པའི་སེམས་ཚོར་དངོས་མ་ཞིག་ཡིན།

སྲིད་པའི་ཁ་དཔེར།མི་སུམ་ཅུར་བསམ་པ་སུམ་ཅུ།མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཞེས་པ་ལྟར།མི་མང་པོའི་སྣང་ངོར་ངས་ནི་དུས་ཚིགས་བཞིའི་དབྱེ་བ་མངོན་པར་གསལ་ཞིང་ལྦུ་ཆང་དང་སྒེག་བྲོར་ལོངས་སྤྱོད་དབེན་པའི་ཕ་ཡུལ་ཉག་ཕྲ་བར་འདོད་ནས། གློག་འོད་སྐར་ཚོགས་ལྟར་བཀྲ་ཞིང་མི་ཚོགས་གྲོག་ཚང་ལྟར་བརྡོལ་བའི་གཞོན་ནུ་རྣམས་ཀྱིས་བསྟོད་པའི་ཡུལ་དང་དུངས་པའི་གནས་སུ་གྱུར་པའི་གྲོང་ཁྱེར་ལ་བསྙེགས་ཐུབ་པ་ནི་བདེ་སྐྱིད་ཅིག་ཏུ་སྒོམ་ཡོད་པར་བསམ།དངོས་གནས་གྲོང་ཁྱེར་དུ་གོང་འཕེལ་གྱི་གོ་སྐབས་གྲངས་མེད་དང་ཕྱི་ཚུལ་གྱི་ལོངས་སྤྱོད་བསམ་པས་མི་དཔོག་པའི་ཕྱུག་རྐྱེན།ང་ནི་གྲོང་ཁྱེར་གྱི་མི་ཚོགས་མང་པོའི་ཁྲོམ་ར་དང་འདུ་འཛི་ཆེ་བའི་ཐང་ཆེན་ལ་ཉུལ་རྒྱུར་དགའ་ཞིང་།དུང་བའི་མི་དང་མཐུན་པའི་གྲོགས་དང་ལྷན་དུ་གླུ་གར་གླིང་དང་ཚིག་ཇ་ཁང་ནས་འོ་ཇ་དང་ཚིག་ཇ་འཐུང་ཞོར་གཞས་སྙན་མོ་ལ་ལོངས་སུ་སྤྱད་རྒྱུ་ཡང་དེ་བས་དགའ་བ་བདེན་མོད།རང་ཡུལ་གད་པ་ཡིན་རུང་སྐྱིད་ཅེས་པ་ལྟར།རང་ས་གོར་མོ་འདིའི་མཐིལ་གྱི་མི་ལ་བདེ་སྐྱིད་ཀྱི་ཉི་ཟེར་འཛུམ་ཞིང་།མཐུན་སྒྲིལ་གྱི་ཨ་ལོང་དམ་པས་དཀར་གསུམ་གྱི་མཚོ་མོ་འབྲོག་པའི་སྦྲ་ཁྱིམ་དུ་འཁྱིལ་བ།ཕ་ཨ་ཁུས་བཏང་བའི་བསང་དུད་ཀྱི་དུད་ཞགས་རིང་མོ་ནམ་མཁའི་དབྱིངས་སུ་འཐེན་པའི་དར་དཀར་གྱི་མདུད་པ་དེ་དང་།མ་བུ་མོས་གསོམ་དཀར་གྱི་བཞོ་ཟེའུ་ཕྱག་ཏུ་བསྣམས་ཤིང་འུར་རྡོ་ཆུ་མིག་དགུ་སྒྲིལ་དེ་རྐེད་ལ་ཐོགས་ནས་གོམ་འགྲོས་ལྷོད་པོ་དལ་བ་དལ་བུར་ལྷས་རའི་ཕྱོགས་སུ་སྒྱུར་བཞིན་པའི་ངང་ཚུལ་དག་དྲན་ཚེ། ཕ་ཡུལ་གྱི་ཕང་བར་ཉར་ནས་གྲོང་ཁྱེར་དང་རིང་དུ་གྱེས་པར་འདོད་པའི་སེམས་འདུན་ལྷག་མེད་ཅིག་འབྱུང་ངོ། །

སྦྲ་རྒན་དུ་བ་ཅན།འབྲོག་མི་རལ་བ་ཅན་ཞེས་སྲིད་པའི་ལྷ་མང་གི་སྒྲུང་རབས་རིང་མོའི་ཁྲོད་དུ། ཕ་ས་འབྲོག་གི་ཡུལ་ན་སློག་པ་གྱོན་ཞིང་རལ་བ་འཕྱང་བའི་མི་རབས་ཤིག་འཆམ་མཐུན་ངང་། སྦྲ་ནག་གྲུ་བཞིའི་ནང་རོལ་ན་འཁོར་བའི་ཕུན་ཚོགས་སྙིང་པོ་རུ་བཟུང་ནས་རང་བྱུང་གི་སྣོད་བཅུད་དང་འདྲེས་ཞོར།མ་ནི་ཡིག་དྲུག་ངག་ཏུ་ཟློ་བཞིན་སེམས་ཅན་གྲངས་མེད་མ་ཡུམ་དུ་བསྒོམས་ནས་རྒྱུ་འབྲས་བསླུ་མེད་གཙུག་ཏུ་བཀུར་ཡོད།སྦྲའི་ཁ་ཚུབ་ནས་འཕྱུར་བའི་དུ་བ་གྲངས་མེད་དག་མཐོ་བ་གནམ་དང་དོག་མོ་ས་ལ་མཆེད་ནས།འུར་ཆ་ལ་བརྒྱུས་པའི་ན་ཆུང་གི་ལང་ཚོ་ལུག་ཁྱུ་དང་སྤང་ཐང་ལ་བསྙེས་ནས་མི་རབས་ནས་མི་རབས་ཤིག་གི་འཚོ་གནས་ལ་དབུ་ཁྱུད་བྲི་བཞིན། རྩྭ་ཐང་ནི་མི་རབས་གྲངས་མེད་ལ་སྤྲད་པའི་ལང་ཚོ་ཡི་གར་སྟེགས་ལྟ་བུར་གྱུར་ཡོད།

ཕ་ཡུལ་གྱི་རྩྭ་ཐང་ནི་གྲོང་ཁྱེར་དང་ཕྱོགས་ཙམ་མཚུངས་ཏེ་ལྦུ་ཆང་ནི་རིན་མེད་འཐུང་ཆོག་པའི་དྭངས་གཙང་གི་རྫ་ཆུ་སྔོན་མོ་ཡིན་ལ།བྲོ་ཁང་ནི་སྒོ་སྲུང་མེད་པའི་སྔོ་ལྗང་གི་སྤང་ཁུག་ནེམ་པོ་དེ་ཡིན།གླུ་དབྱངས་ནི་ཁ་ཞེ་གཉིས་མེད་ཀྱི་མཛའ་གཞས་སྙན་མོ་དེ་ཡིན།ཁང་བརྩེགས་ནི་ཨ་མཚར་མཚར་དགུའི་ཁྲོད་ཀྱི་མཐོ་ཞིང་བརྗིད་པའི་རི་བོའི་ཚོགས་དེ་ཡིན།ཁ་དོག་སྣ་ལྔའི་ཟས་རིགས་འདྲ་མིན་བཅུད་ཀྱིས་ཕྱུག་པའི་དཀར་གསུམ་དེ་ཡིན།མི་ཚོགས་ནི་ས་གཞི་ལ་ཁྱབ་པའི་རྟ་ནོར་ལུག་གསུམ་དང་གཉིས་སུ་མེད་པའི་ཆ་དེ་ལགས་པས། གནས་འདི་དང་ཡུལ་འདི་ལ་མི་དུངས་པ་ནི་དབེན་པར་མཐོང་།

ཕ་ཡུལ་ནི་ལྷིང་འཇགས་ལ་གོམས་པའི་སྣོད་ཀྱི་འཇིག་རྟེན་ཞིག་སྟེ་མི་ཕྱུགས་ཀྱིས་མཛེས་པར་སྤྲད་པའི་ནགས་མལ་དྲོན་པོ་ཞིག་ཡིན། གནས་འདི་རུ་མཚོ་ནས་སྨུག་པ་ལངས་ཤིང་།རི་ནས་ན་བུན་འཁོར་བ།གནམ་ནས་ཆར་སྙིལ་ཞིང་།སྤྲིན་ནས་གློག་འཁྱུག་པ།ཐང་ནས་ས་ཡོམ་ཞིང་།བར་ནས་རླུང་རྒྱུ་བ།མཁའ་ནས་འཇའ་ཤར་བ་དག་ནི་མངོན་པར་དོད་ལ།རི་མཐོན་པོར་ཤྭ་རྐྱང་རི་དྭགས་འཁོར་ལ། ནགས་ཆེན་པོར་བྱ་བྱེའུ་འདབ་ཆགས་རྒྱུ་བ། ཐང་ཆེན་པོར་རྟ་ནོར་ལུག་གསུམ་བཀྲ་ལ།མཚོ་ཆེན་པོར་ཉ་སྲམ་སེམས་ཅན་འདུ་བའི་རང་བྱུང་གི་མཛེས་པ་ལྷང་ངེར་ངོམས་པ་ཞིག་ལགས།



  • ལེ་ཚན་སྔོན་མ།:བྱུ་རུའི་འོད་མདངས།
  • ལེ་ཚན་རྗེས་མ།:ཁྱོད་ཟེར་བའི་སྙིང་ཉེ་ཞིག་ཡོད་ན་བསམ།