ཕ་ཡུལ་གྱི་རྩྭ་ཐང་དང་དུས་བཞི།

རྡོ་རྗེ་ཐར་ལམ།        2023-05-29

དཔྱིད།

ཕ་ཡུལ་གྱི་རི་ལུང་ནི་དུས་བཞིའི་མཚམས་སུ་ཁ་དོག་བརྗེ་བའི་ཡིད་འོང་གི་དག་ཞིང་ཞིག་དང་ཅི་ནས་ཀྱང་མཚུངས་ཏེ། རྩྭ་ཐང་དང་རི་ལུང་། ན་གཞུང་དང་ཆུ་འགྲམ་དག་ཏུ་ ནོར་ལུག་གཅལ་དུ་བཀྲམ་དུས། ལུག་ཁྱུ་ནི་མུ་ཏིག་གཏོར་འདྲའི་ཅི་འདྲའི་མཛེས་ཨང་། རྟ་ཁྱུ་རྣམས་ཁྲ་ཁྲ་མེར་མེར་གྱི་ངང་ནས་གཅིག་རྗེས་གཅིག་མཐུད་དེ་སྐབས་རེར་ལ་ལུང་ཀུན་ལ་བརྒྱུགས་ནས་ལྟད་མོ་ཟད་མི་ཐུབ་པ་སྟོན་གྱིན་ཡོད། གཡག་རྒོད་ཀྱི་རྭ་འཛིང་དང་བེའུ་ཆུང་གི་རྩེ་གར་རོལ་ནས་ལ་ལུང་གང་སར་རྒྱུ། ད་དུང་འབྲི་མོའི་ངུར་སྒྲ་དང་ལུ་གུའི་འབའ་སྒྲ།རྟ་མཆོག་གི་མཚེར་སྐད་སོགས་ནི་ཅི་འདྲའི་སྙན་ཞིང་འཇེབས། རི་དྭགས་དགོ་བ་དང་ཤྭ་བ། གནའ་དང་གླ་བ་སོགས་བག་ཕེབས་ཀྱི་ངང་ནས་གང་སར་ལྡོམ། དེ་ཚོ་ནི་ལྷན་སྐྱེས་ཀྱི་མཛེས་ལྡན་ཡིད་འོང་གི་ལང་ཚོ་འབྱོར་བས་ཀུན་གྱི་ཡིད་གར་འོང་ཞིང་ལྟ་ན་སྡུག། དེ་དག་སྐབས་རེར་རྫ་ལུང་དང་རི་སྒང་རྒྱུ་བ་དང་སྐབས་རེར་ཆུ་འགྲམ་དང་ན་གཞུང་སོགས་སུ་དལ་གྱིས་འགྲོའོ།།

དཔྱིད་ཀ་ནི་གཞན་གསོའི་བུ་མོའི་མགྲིན་གླུ་གྲོལ་ནས་སྨུག་སྤྲིན་རི་ལུང་ཀུན་ལ་རྒྱུ་དུས། མ་མོས་ལུ་གུ་ཁྲིད་ནས་ལུ་གུའི་འབའ་སྒྲ་ལྷང་ངེ་། བེའུ་ཆུང་ཡང་རྩེ་གར་རོལ་ནས་བརྗོད་མི་ཚར་པས་མཛེས་སྡུག་རུམ་པའི་རྩྭ་ཐང་ནི་ཅི་འདྲའི་མཚར་བ་ལ་ཨང་། ཨེ་མ་ཕ་ཡུལ་གྱི་རྩྭ་ཐང་ཁྱོད་ནི་ལྷན་སྐྱེས་ཀྱི་བཟོ་བཀོད་དང་མཛེས་སྡུག་ཅི་འདྲའི་ཆེ་ཨང་།།

དབྱར།

དབྱར་གཞུང་ནི་རྩྭ་ཐང་དང་རི་ལུང་དག་ལ་གཡུ་ཡི་མེ་ལོང་མུ་ཏིག་གི་ཁྲ་བརྒྱན་བཏབ་འདྲའི་ཕྱོགས་ཀུན་ཏུ་མེ་ཏོག་སྣ་མང་བཞད་ནས་དྲི་བསུང་དག་ཕྱོགས་བཞིར་འཐུལ་ཏེ་རྩི་ཤིང་ཕལ་ཆེར་སྨན་ལས་གྲུབ་པས་ཅི་འདྲའི་ཉམས་དགའ་ཞིང་ཡིད་དུ་འོང་བ་ཆགས་ལྡན་བུ་ལོའི་མིག་ལམ་ལ་རྒྱུ་བས་བཅུ་དྲུག་བུ་མོའི་ལང་ཚོ་ལྟར་མཛེས་སྡུག་གིས་ཀུན་གྱི་ཡིད་སེམས་དབང་མེད་དུ་འཕྲོག་པ་ལྟར་བརྗོད་ཀྱིས་ག་ལ་ཚར། །

སྟོན།

སྟོན་ཀར་ནམ་མཁའ་སྔོ་ཞིང་དྭངས་ལ་སྤྲིན་དཀར་ལང་མ་ལིང་རྒྱུ་ཞིངཉི་འོད་འཇམ་ལ་ཆར་ཆུ་ཡང་ཅུང་ཉུང་། རྩྭ་ཐང་དང་རི་བོ་དག་ནི་གསེར་ཞུན་ཐང་ལ་བྱོས་འདྲ་ཧ་ཅང་མཛེས་ཨང་། ཆུ་དང་ཆུ་ཕྲན་དག་ནི་མེ་ལོང་གཡའ་དག་པ་ལྟར་དྭངས་ཤིང་གཙང་ལ་རྒྱང་རིང་ལ་འགྲོ་བའི་མགྲོན་པོ་ཇི་བཞིན་ལྷུང་ལྷུང་དུ་བར་མེད་ངང་བཞུར་གྱིན་ཡོད་དོ།།

དགུན།

དགུན་ཁ་ཁ་བ་འབབ་བཞིན་སྐབས་འགར་ཞོ་ཟོ་ཁ་རུ་ཕྱེ་འདྲའི་དཀར་ལམ་ལམ་དུ་གྱུར། སྐབས་རེར་རི་བོའི་དབུ་རྩེ་རུ་ཁ་བས་གཡོགས་ནས་ལོ་ན་བརྒྱད་ཅུར་སོན་པའི་བགྲེས་པོ་ཚོའི་དབུ་ལྟར་དཀར། སྐབས་ལ་ལར་རི་བོ་ནི་ཁ་བས་གཡོགས་པའི་ཕྱེ་མར་བཞིན་དཀར་ཞིང་བརྗིད་ལ། ན་གཞུང་ནི་གསེར་ཀོང་མར་ཁུས་བཀང་འདྲའི་སེར་ལམ་མེར་ཅི་འདྲའི་ཡིད་དུ་འོང་ཞིང་ལྟ་ན་སྡུག་པ་ཞིག་རེད་ཨང་། །

ས་ཕྱོགས་གང་དུ་ཕྱིན་ཡང་རྩྭ་ཐང་དང་ནོར་ལུག་ནི་ཕ་ཡུལ་གྱི་རིན་བྲལ་ནོར་མཆོག་དང་། འཚོ་བའི་རྟེན་གཞི་ཡིན་པས་ངས་ཀྱང་སེམས་ལ་མེར་གྱིས་འཁྱིལ་བའི་སྐབས་རེར་ཁྱོད་ཀྱི་མཛེས་པ་ཡོད་ཚད་སོར་རྩེ་རུ་བཀོད་ནས་ཤོག་སྟེང་དུ་འདི་ལྟར་བྲིས་སོ།།



  • ལེ་ཚན་སྔོན་མ།:བྱ་ཁུ་བྱུག་གསུང་སྐད་སྙན་མོ་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།