རང་ཉིད་མ་གྲོལ་གཞན་ལ་གདམས་པ་མེད།

ཁྲི་ཟླ་གཞོན།        2023-05-22

རང་ཉིད་མ་གྲོལ་གཞན་ལ་གདམས་པ་མེད། སྐད་ཆ་འདི་ཏག་ཏག་འུ་ཅག་བོད་ཀྱི་ད་ལྟའི་གནས་བབ་དང་ཤིན་ཏུ་འཚམ་པར་འདོད། ཚང་མས་གནས་ལུགས་ཤེས་དྲགས་པས། བུ་ཕྲུག་གིས་ཕ་མར་འཚོ་བ་རོལ་སྟངས་ཁྲིད། སློབ་མས་དགེ་རྒན་ལ་བླང་དོར་འབྱེད་སྟངས་ཁྲིད། དགེ་ཕྲུག་གིས་བླ་མར་ནང་ཆོས་ཀྱི་ཡང་སྙིང་འཆད། ཀླ་ཀློ་ཡིས་མི་སེར་ལ་ལོག་ཆོས་ཀྱི་བསྟན་པ་སྤེལ། ཡིག་རྨོངས་པས་མཁས་པ་ལ་རིག་གནས་ཀྱི་རྣམ་གཞག་ཁྲིད། ཚོང་གི་ཆ་ཤས་ཙམ་ཡང་སྒྲུབ་མ་མྱོང་བའི་མིས་མང་ཚོགས་ལ་དཔལ་འབྱོར་རིག་པ་འཆད།

སྐད་ཆ་འཆད་མཁན་དེ་དག་གིས་རང་སྟེང་ལ་ཞིབ་ཏུ་བལྟས་ཏེ། རང་ཚོད་ཤེས་པའི་སྒོ་ནས་ད་གཟོད་སྐད་ཆ་ཤོད་དང་། རང་གིས་མ་འཁྱོངས་བར་ད་དུང་གཞན་ལ་སློབ་གསོ་རྒྱག་པ་ནི་ཇི་འདྲའི་ངོ་ཚ་བ་ཞིག་རེད་ཨང་། དེ་ལས་ཀྱང་ཧ་ལས་པ་ནི་དེ་ལ་ཉན་མཁན་དང་ལྟ་མཁན་དེ་དག་རེད། རང་ཉིད་ཀྱི་དུས་ཚོད་དང་ཚེ་སྲོག་འཕྲོ་བརླག་བྱེད་པ་བསྐྱུར་ནས་ད་དུང་ཅུང་ཆེན་པོ་ཞིག་རྟོགས་སོང་བའི་ཉམས་བཏོན། དཔེར་ན། བོང་རྫིས་སྐད་ཆ་བཤད་པ་ནི་ཁོ་ལ་མ་གཞིའི་རིག་གནས་ཀྱི་རྨང་གཞི་ཡོད་པས་རེད་ལ། ཚུལ་བློས་ཆོས་འཆད་པའང་ཁོ་ལ་དེ་འཆད་པའི་ནུས་པ་དང་དེ་འབྲེལ་གྱི་ལས་དོན་སྒྲུབ་པའི་ནུས་པ་ཡོད་པས་རེད། ཡིན་ནའང་དེའི་སྔོན་རྗེས་ཀྱི་སྐྱ་སེར་ཉོག་ཁ་ཚོ་ནམ་ཡང་གླེན་པ་གཏི་ཐུག་འགའ་སྟེ། དེ་གཉིས་འཁྲུག་ན་བོད་ཁམས་དང་འཛམ་གླིང་འཁྲུག་པར་འུར་ཞིང་། ཆེན་པོ་ཤེས་མདོག་གིས་ཕྱོགས་ཁག་གྱེས་ནས་རྩོད། འཇིགས་སྐུལ། དམའ་འབེབས་བྱེད། གློའུ་བཤད་རྒྱགས། རང་ཚུལ་སྐྱུར་ནས་གཞན་ལ་སློབ་གསོ་རྒྱགས། ཁྱོད་ཅག་ལ་དེ་གཉིས་ལྟ་བུའི་ནུས་པ་ཡོད་དམ། མེད་ན་ཁ་རོག་སྡོད་དང་ཡག་པོ་རེད།

ཁྱི་རྒན་ཤེས་ནས་ཟུག་ན་ཁྱི་ཕྲུག་ཚོས་མ་ཤེས་པར་མ་ཟུག་དང་། གལ་སྲིད་ངོ་མ་ཟུག་འདོད་ན་རང་ཚུལ་ཤེས་པའི་སྒོ་ནས་ཟུག་དང་ཡག་པོ་རེད། ཡང་དཔེ་གཞན་ཞིག་བཞག་ན། དགེ་རྒན་དང་ལས་བྱེད་པ། ཆོས་པ་འགའ་རེས་རོང་འབྲོག་མང་ཚོགས་ལ་སློབ་གསོ་རྒྱག། རང་སྲོལ་འཛིན་དགོས། རང་ཡིག་རང་སྐད་སྦྱོང་དགོས་ཟེར། འོ་ན་ཁྱོད་ཅག་གིས་རང་གི་ལྟོ་རྒྱབ་ལ་འདང་རྒྱག་མེད་པའི་རྨང་གཞིའི་ཐོག་ཆུ་ཚད་མཐོ་བའི་འཚོ་བའང་རོལ་བཞིན་ཡོད་མོད། སློབ་གསོའི་དོན་ལ་ཅི་ཞིག་བསྒྲུབས་སོང་། ཕྱག་རྗེས་དང་འགན་བབ་ཀྱི་ལས་ཀར་ཁྱད་པར་ཕྱེས་་ཏེ་བཞག་ན། སློབ་ཆེན་གྱི་ར་སྐོར་གཅིག་ན་བོད་རང་གི་ཆེད་ལས་ཡོད་པའི་ཐོག་ཁང་ག་ཚོད། སློབ་གླིང་ག་ཚོད་ཡོད། དམའ་མཐོ་འབྲིང་གི་སློབ་གྲྭར་བོད་ཀྱི་དམངས་སྲོལ་བྱེད་སྒོ་ག་ཙམ་སྤེལ་ཡོད། བྱིས་པ་ཚོར་བོད་ཡིག་གི་བསླབ་དེབ་ག་ཚོད་ཡོད། སློབ་གྲྭའི་ནང་བསླབ་ཁག་ག་ཙམ་བོད་ཡིག་ཡིན། ཁྱོད་རང་ཉིད་ཀྱི་བུ་ཕྲུག་གིས་ཅིའི་ཕྱིར་འབྲོག་ས་ནས་ཕྱུགས་མི་འཚོ། རོང་ས་ནས་ཞིང་མི་འདེབས། བོད་སྐད་མི་བཤད། བོད་ཡིག་མི་འབྲི། དམངས་སྲོལ་མི་འཛིན། འདི་དག་ཀྱང་མི་ནུས་ན་ཁྱོད་ཚོས་གཞན་ལ་སློབ་གསོ་མ་རྒྱག། ཁྱོད་ལ་ད་རུང་སློབ་གསོ་རྒྱགས་པའི་ཆུ་ཚད་མི་འདུག། ཐོབ་ཐང་མི་འདུག།

དགེ་རྒན་དང་ལས་བྱེད་དེ་དག་གིས་རང་ཁ་གསོ་བར་འདང་རྒྱག་མེད་ན་མང་ཚོགས་ལོག་ལམ་དུ་མ་འཁྲིད། མང་ཚོགས་ཀྱིས་ཀྱང་ཁྱོད་ཚོ་ནང་བཞིན་ཆུ་ཚད་མཐོ་བའི་འཚོ་བ་རོལ་འདོད་པ་རེད། སུས་ཀྱང་རང་ཉིད་བདེ་ས་མཐོ་ས། སྐྱིད་ས་སྤྲོ་ས་ཞིག་ཏུ་སྙེག་འདོད་པ་རེད། ལས་བྱེད་ཚོས་ཀྱང་ཅུང་འཇོན་མདོག་བྱས་ནས། རྒྱ་སྐད་མི་གོ་བའི་རོང་འབྲོག་ལ་རྒྱ་སྐད་བཤད་དེ། ཁ་གཉེར་སྣ་གཉེར་གྱིས་རང་ཉིད་ཆེན་པོ་ཞིག་ཏུ་མ་རློམ། ཁྱོད་ཀྱི་རྒྱ་སྐད་ཉ་ཉོག་དེ་རྒྱ་ནང་ལ་སྐོར་ན་ཇི་འདྲ་ཞིག་ཡིན་པ་ཁྱོད་ཀྱི་སེམས་ན་གསལ། རང་གི་སྐྱེས་ཁུངས་དང་རིགས་རྒྱུད་ལ་བློ་མི་དཀར་བའི་མི་ནི་དུས་གཏན་དུ་གཞུང་ཞབས་པ་ཡག་པོ་ཞིག་ཏུ་འགྱུར་མི་སྲིད། ཁྱོད་རང་དམའ་རིམ་རོང་འབྲོག་མང་ཚོགས་ཁྲོད་ཐོན་དུས། རྫིག་རྫིག་གིས་གཏམ་ཚོན་པོ་མ་བཤད་དང་། གསེར་ཡིན་ན་ས་ན་ཡོད་ཀྱང་འོད་གནམ་དུ་ཡོད་ངེས་ལ། ར་གན་ཡིན་ན་རིང་པོ་མི་འགོར་རང་རྔ་རང་གིས་སྟོན། ཁྱོད་ཀྱིས་མངོན་ལྐོག་གཉིས་ནས་ཅི་ཞིག་སྒྲུབ་པ་གཞན་གྱིས་མི་ཤེས་བསམ་ཡང་རྒྱལ་ཁམས་པའི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་པས། ཁྱོད་ཀྱིས་ཅི་བྱས་བརྒྱ་སྡེའི་ཁ་ན་གསལ་ངེས།

ཆོས་པ་ལ་ཤས་ཀྱིས་ཀྱང་རང་ཚུལ་མི་ཤེས་པའི་གཏམ་མ་བཤད། ཁྱོད་རང་སྟོན་པའི་ན་བཟའི་སྐུ་དྲིན་གྱིས་བདེ་ས་འཇམ་ས། ཞིམ་ས་ཚོ་སར་བསྡད་པས། དམའ་སའི་རོང་འབྲོག་ཁྱིམ་ཚང་གི་སྐྱིད་སྡུག་དང་དཀའ་ཁག་ངོས་མི་ཟིན་ལ། འཚོ་སྟངས་ཀྱི་གནས་བབ་དེ་བས་ཀྱང་ཤེས་མི་སྲིད། ཕྱི་རུ་སྟོན་པའི་ན་བཟའ་མནབས་ནས་ནང་དུ་ཆགས་སྡང་གིས་བཀང་སྟེ། རྩོད་པའི་ནང་མོར་གྲི་བཟུང་མདུང་བཟུང་དང་། གསོད་པའི་ནང་མོར་གནའ་ཤི་ཤི་ཤི། ཧ་བོ་ཧས་འདེབས། ཟ་འཐུང་ཉིན་མོར་ཤ་ཆང་དུ་གསུམ། རྩེ་བའི་ཉིན་མོར་ཇ་ཁང་ཆང་ཁང་། རྩོམ་པའི་ཉིན་མོར་བརྩེ་དུང་སྙན་ངག། ཉུལ་བའི་ཉིན་མོར་ཇ་ཁང་ཆང་ཁང་། ལེན་པའི་ཉིན་མོར་རྒྱ་བོད་རིག་མ། འགྲོ་བའི་ཉིན་མོར་པཱོ་མ་པིན་ཁྲི། སྒོམ་པའི་ཉིན་མོར་ཁོའུ་ཧྲིག་ཏིག་ཡུན། གནའ་དུས་བརྡ་འཕྲིན་ཞན་ཞིང་ཡིག་རྨོངས་པ་མང་བས་རང་རེ་བོད་ཀྱིས་འདི་དག་ཐམས་ཅད་ཁོང་གི་མཛད་པ་དང་ལྷ་ཡི་ཆོ་འཕྲུལ། སྟོན་པའི་བཞེད་དགོངས་སུ་འདོད་ཀྱང་། ད་ནི་ཏག་ཏག་རྒྱལ་དམངས་སྤྱིའི་སློབ་གསོ་མྱངས་བའི་ཆུ་ཚད་མཐོར་འདེགས་དང་བརྡ་འཕྲིན་གྱི་མཐོ་རླབས་འཕྱུར་ལ། རྒྱལ་ཁམས་པའི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་པས་ཚང་མས་དཀར་ནག་ངོས་ཟིན་ལ། བླང་དོར་གྱི་མིག་ཕྱེས། གླེན་པ་ངས་ཀྱང་སྔོན་མའི་ཆོ་འཕྲུལ་དེ་དག་དེ་ལྟར་དུ་གཏན་ནས་མི་སེམས་ཏེ། རང་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཅིའི་ཕྱིར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་དགོས་སམ། སྟོན་པ་མཆོག་ནི་རྒྱལ་སྲས་ཤིག་ཡིན་པའི་ངོས་ཐད་ནས་དེ་ལ་འདི་ལྟ་བུའི་ཆ་རྐྱེན་མེད་སོང་བ་ཡིན་ནམ། སྟོན་པ་བཅོམ་ལྡན་འདས་ཅིའི་ཕྱིར་བསོད་སྙོམས་ལ་འགྲོ་དགོས་སམ། གཡོག་འཁོར་ཞབས་ཞུ་བ་བཞག་ནས་ཅིའི་ཕྱིར་མ་བཅོལ་བ་ཡིན། སྟོན་པ་མཆོག་གིས་ཅིའི་ཕྱིར་ཁྱིམ་མི་བཞག་ནས་ནགས་ཁྲོད་དུ་འགྲིམས་དགོས་སམ། ཁོང་གི་ཕོ་བྲང་དང་ལོངས་སྤྱོད་ཁྱེད་ཅག་ལ་མ་དོ་བ་ཡིན་ནམ། དེ་དག་ལ་ཞིབ་ཏུ་སོམས་ནས་སྟོན་པའི་རྣམ་ཐར་ལ་ཐེངས་གཅིག་གཟིགས་དང་། ད་ལྟའི་དུས་སུ། སྐྱ་མིན་སེར་མིན་མང་དྲགས་པས་ལྕགས་ལ་བཙའ་ཆགས་པ་ལྟར་བསྟན་པ་ལ་གས་ཆག་ཤོར།

དམ་པའི་ཆོས་སྒྲུབ་པ་ལ། ཡང་དག་གི་ཆོས་པ་རྗེ་ཙོང་ཁ་བ་ལྟ་བུ་མཁོ་བ་ལས་ཕུང་གསུམ་པ་ཚོ་མི་མཁོ། ངས་ནི་སྐྱ་མིན་སེར་མིན་དེ་དག་ལ་འདོན་འདོད་པའི་རེ་བ་ནི། མགོ་གཡོག་མགོ་སྐོར་དང་ཉ་ཉོག་རྫུན་བཟོའི་ངང་ཚེ་གཅིག་ལུས་གཅིག་ལ་ཕུང་གསུམ་པ་ཞིག་བྱེད་པ་ལས་སྐྱ་སེར་བོབས་དང་། ཆོས་ཀྱི་བསྟན་པ་མ་བཤིག། འཇིག་རྟེན་པའི་རྒྱུ་འབྲས་ཀྱི་རྒྱ་མ་མ་ནོག། ཆོས་དང་འཇིག་རྟེན་གང་ལའང་ལྷད་མ་བགོས་ན། ཁྱོད་ཀྱང་ངེས་དོན་གྱི་དྲང་བདེན་དང་རང་ཚུགས་ཅན་གྱི་སྐྱེས་བུ་ཞིག་ཏུ་གྱུར་པས། ངས་ནི་གུས་པས་བསྟོད་དོ།།

དྲྭ་བདག་ཚོས་ཀྱང་ཉོག་མ་དཀྲུགས། ཁྱོད་ཅག་ཕྱིར་ལྡོམ་ནས་གད་སྙིགས་རུམ་གང་བསྣམས་ཏེ་ཕྱིར་ཕ་ཡུལ་ལ་ཡོང་ནས། ར་གན་གསེར་དུ་འུར་ནས་ལྡབ་བཅུ་གྲངས་ཀྱི་རིན་གོང་བླངས་ཏེ་རང་མིའི་མགོ་རང་གིས་གཡོག་པ་ནི་ཤིན་ཏུ་ནས་ངོ་ཚ་བའི་གནས་ཏེ། ད་དུང་ངོ་གནོང་དང་ངོ་ཚ་ཅི་ཡང་མེད་པར་མི་ཆེན་ཡིན་མདོག་དང་སྙན་གྲགས་ཆེ་བར་རློམ། དྲྭ་ལམ་ལ་འུར་བརྒྱབ་ནས་གཡོ་ཁྲམ་གྱི་གོང་བསྒྲིགས། མ་འགྲིག་མ་འཆམ་ཁུལ་གྱིས་རྩོད་ཉོག་གི་ཟློས་གར་འཁྲབ་ནས་ཡིག་རྨོངས་བ་དག་གི་མགོ་སྐོར། དྲ་བའི་བཞུར་ཚད་གསོག། ཁྱོད་ཅག་གཞན་གྱི་གྲལ་ལ་བསྐོར་ན་དེའི་ནུས་པ་ཡོད་དམ། ཁ་ནང་ལ་བསྐོར་ཏེ་ཉོག་མ་དཀྲུགས། རྒྱུ་འབྲས་བསྲུངས་ཤིང་ཁ་ཁོག་མེད་པའི་མི་དྲང་པོའི་རིགས་རྐྱང་རྐྱང་ཡིན་ལ། ཁྱོད་ཅག་གི་གཡོ་ཁྲམ་དེས་ཕྱོགས་གཅིག་ནས་ནང་ཁུལ་དཀྲུགས་ལ། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་འཕེལ་རྒྱས་ལ་བར་དགག་ཐེབས། ཁྱོད་ཚོས་ཤེས་དགོས་པ་ཞིག་ལ། མི་རིགས་ཤིག་རྗེས་ལུས་སུ་བཏང་བའི་ཉེས་པ་ནི་སྤྱིར་བཏང་གི་ཚད་ཅིག་གིས་གཏན་ནས་གཞལ་ཐབས་བྲལ་བས། ཞིབ་ཏུ་སོམས་ཤིག།

གོང་ནས་བཤད་པའི་མི་འདི་དག་ནི་སྤྱང་ལྤགས་གྱོན་པའི་ལུག་དང་གཅིན་སྐྱག་གིས་བཀང་བའི་གསེར་བུམ་རྫུན་མ་རེད། རྒྱུ་མཚན་དེ་དག་གི་ཕྱིར། སྐད་ཆ་བཤད་ན། ཐོག་མར་རང་ཉིད་འཁྱོང་དུ་ཆུགས། མ་རྩ་ཡོད་པའི་སྐད་ཆ་ཤོད་དང་། གོང་བཀུར་ཡོད། ཡི་རངས་ཡོད། དཔེར་ན་ར་རྒྱའི་འཇིགས་མེད་རྒྱལ་མཚན་དང་རྔ་བའི་མི་འགྱུར་རྡོ་རྗེ། མཚོ་ལྷོའི་སྒོམ་པ་དང་མཚོ་བྱང་གི་བྷོད་རྡོར་འཆང་ལྟ་བུ། ད་དུང་དེ་ལས་ཀྱང་མང་བའི་ནུས་པ་ཅན་གྱི་མི་སྣ་སྟེ། རྒྱུན་ཏུ་སྨྱོ་རྟགས་དང་གྲགས་འགུལ་མེད་པའི་མཁས་དབང་དང་ཆོས་པ། ན་གཞོན་ཁེ་ལས་པ་དང་རིགས་ཞེན་ཅན་གྱི་གཞུང་ཞབས་པ། གཞུང་དྲང་གི་རོང་འབྲོག་མང་ཚོགས། ཚང་མ་རླབས་ཆེ་བ་ཤ་སྟག་སྟེ་རང་ཚུལ་ཤེས་པའི་ངང་ནས་རང་དོན་དང་གཞན་དོན་མཉམ་དུ་སྒྲུབ་ལ། མཐར་འགྲུབ་དུས་ཀྱང་གཉིས་ཕན་ངང་མཉམ་དུ་ལེགས་པོར་ཡང་གྲུབ། མདོར་བསྡུས་ན་ངས་རང་ཚུལ་མི་ཤེས་པའི་བླ་སྒུལ་གྱི་དྲྭ་འབུ་དང་ངོ་ཚའི་སྐྱི་པགས་མཐུག་པའི་དྲྭ་བདག། གཟིག་ལྤགས་གྱོན་པའི་བོང་བུ་དང་སྤྱང་ཀི། ཁྱི་དེ་དག་ལ་བཤད་འདོད་པ་ནི། རང་ཚུལ་དེ་ཉིད་མི་ཤེས་པས།། དོན་ལ་སྦྱོར་བ་ག་ལ་ཤེས་ཞེས་དང་། རང་ཉིད་མ་གྲོལ་གཞན་ལ་གདམས་པ་མེད་ཟེར་བ་དེ་གཉིས་ཡིན། ཚང་མས་ཞིབ་ཏུ་སོམས་དང་། གནས་ལུགས་ཡོད་ཀྱང་མེད་ཀྱང་ངས་ནི་དེ་ལྟར་འདོད་དོ།།


  • ལེ་ཚན་སྔོན་མ།:ཨ་མ་ཚེ་རིང་ལོ་བརྒྱ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།