རོང་བྲག་རྫོང་གིས་འཚོ་བའི་གད་སྙིགས་དབོར་འདྲེན་སྙིགས་འཁོར་སྤྲད་པའི་མཛད་སྒོ་སྤེལ།

ཨོ་རྒྱན་གྱིས་བསྒྱུར།        2023-05-22

ཉེ་ཆར། རོང་བྲག་རྫོང་གིས་གྲོང་ཡུལ་གྱི་ཁོར་ཡུག་རྣམ་པ་སྔར་བས་ལེགས་སུ་གཏོང་བ་དང་མི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་བ། ཀྲུང་གོའི་ཆེས་མཛེས་པའི་གྲོང་གསེབ་མཛེས་བཟོ་བྱེད་ཆེད། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དབོར་འདྲེན་གྱི་སྙིགས་འཁོར་སྤྲད་པའི་མཛད་སྒོ་སྤེལ་ནས་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ12ལ་སྙིགས་འཁོར81སྤྲད་པ་རེད།

གྲོང་གསེབ་ཏུ་སྙིགས་འཁོར་བཀོད་སྒྲིག་བྱེད་པ་ནི་རོང་བྲག་རྫོང་གི་གྲོང་ཡུལ་ཁོར་ཡུག་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་ཡུལ་སྐོར་ཁོར་ཡུག་གི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་གྲོང་གསེབ་ཀྱི་གད་སྙིགས་རིགས་དབྱེ་དང་། བསྡུ་རུབ། སྐྱེལ་འདྲེན། གཙང་སེལ་སོགས་ཀྱི་ལས་དོན་ལ་ཤུགས་བསྣན་ནས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྒྲིག་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་རྒྱུ་དེ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྤྲད་པའི་གྲོང་གསེབ་ཀྱི་འཚོ་བའི་སྙིགས་འཁོར81གི་སྤྱིའི་རིན་ཐང་སྒོར་ཁྲི967.95ཟིན་ལ། རོང་བྲག་རྫོང་སྡོད་ཁང་དང་གྲོང་ཡུལ་འཛུགས་སྐྲུན་ཅུས་ཀྱིས་གཅིག་གྱུར་འོས་འགུགས་ཉོ་སྒྲུབ་བྱས་པའི་འགན་ཁུར་བ་རེད། སྡོད་ཁང་དང་གྲོང་ཡུལ་འཛུགས་སྐྲུན་ཅུས་ཀྱི་ལས་དོན་མི་སྣས་ད་ཐེངས་ཀྱི་ཁོར་ཡུག་འཕྲོད་བསྟེན་སྒྲིག་ཆས་ཀྱི་ཁ་གསབ་མ་དངུལ་བཏང་བ་དེས་རོང་བྲག་རྫོང་གི་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་སྐྱེལ་འདྲེན་བྱེད་པའི་དཀའ་གནད་ནུས་ལྡན་ངང་ཐག་གཅོད་ཐུབ་རྒྱུ་དང་། གྲོང་གསེབ་ཀྱི་ཁོར་ཡུག་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་ཆུ་ཚད་ལེགས་སུ་འགྲོ་རྒྱུ། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་སྐྱེལ་འདྲེན་བྱེད་པའི་མ་ལག་ཕན་འབྲས་ཆེ་བའི་ངང་འཁོར་སྐྱོད་ཐུབ་རྒྱུར་སྐུལ་མ་ཐེབས་ནས་གྲོང་ཡུལ་གྱི་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སུ་འགྲོ་རྒྱུ་དང་། ཀྲུང་གོའི་ཆེས་མཛེས་པའི་གྲོང་གསེབ་ལ་འགན་ལེན་ནུས་ལྡན་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།

མཛད་སྒོའི་ཡུལ་དངོས་སུ་གོ་རིམ་ལྡན་པའི་ངང་ཨང་རྟགས་འཐེན་པ་དང་། མིང་རྟགས་འགོད་པ། རླངས་འཁོར་གྱི་ལྡེ་མིག་ལེན་པ་བཅས་དང་དེ་བཞིན་སྙིགས་འཁོར་གྱི་ནུས་པ་དང་། དོ་སྣང་བྱ་ཡུལ། བཀོལ་སྤྱོད་བརྒྱུད་རིམ་བཅས་ལ་གསོ་སྦྱོང་བྱས་རྗེས་གྲོང་གསེབ་ཀྱི་འཚོ་བའི་སྙིགས་འཁོར81དངོས་སུ་ལས་གནས་ཐོག་བསྐྱོད་ནས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་སྐྱེལ་འདྲེན་བྱེད་རྒྱུར་སྤྱད་པ་རེད།།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་ཤུགས་ཡོད་རྒུས་བསྐྲུན་དགོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།