མཐོ་སྒང་གི་སྐར་མ་འོད་ཆེན་། སྒ་སྐྱེ་རྒུ་མདོ།

དར་སྲས་ངག་དབང་བཀྲ་ཤིས།        2023-04-28

ལྷ་མཆོག་ཕྱག་ན་པད་མོའི་རྣམ་སྤྲུལ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། ཆོས་ཀྱི་དཔལ་མོའི་སྤྲུལ་པ་མ་བྲག་སྲིན་མོ་གཉིས་ཀྱི་རྒྱུད་པ་ལས་མཆེད་ཅིང་། བོད་མི་བུ་གདུང་དྲུག་གི་ཁག་ལས་འཕེལ་བའི་དབུ་ནག་བོད་པ་ཞེས་འཛམ་གླིང་སྤྱི་བོའི་གཙུག་ཏུ་འཚོ་གཞེས་ཀྱི་ཟིན་ཐོ་གསར་དུ་བཀོད་ནས། ལོ་རྒྱུས་ཀྱི་སྒོ་འཕར་གསར་དུ་ཕྱེས། དུས་དེ་ནས་བཟུང་། གངས་རི་ར་བས་བསྐོར་བའི་རྒྱལ་ཀུན་བྱིན་རླབས་ཀྱི་བཅུད་ཀྱིས་བཏེགས་པའི་ཞིང་མཆོག་ཁྱད་པར་བ་འདིར་ཕ་ས་ཕ་ཡུལ་ཞེས་དཔྲལ་བའི་མིག་བཞིན་གཅེས་ཤིང་། སྤྱི་བོའི་གཙུག་ཏུ་བཀུར་ཅིང་མཆོད། ཕ་རྒྱུད་གཙང་མ་ཞིག་གི་མི་རིགས་ཀྱི་རྒྱུད་པ་འདི་ནས་བསྐྱངས་ཏེ། བཙན་པོའི་རྒྱལ་རབས་ཤིག་གི་ངོ་མཚར་སྟོང་གི་ལོ་རྒྱུས་ཀྱང་འདི་ནས་བྲིས་མྱོང་། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག། འདི་ནི་གདོད་ནས་ངེད་གདོང་དམར་བོད་པ་ཚང་གི་ཡབ་མེས་ཀྱི་རྒྱལ་ཁམས། འཚོ་གཞེས་ཀྱི་མངའ་ཁོངས་ཡིན་པར་ལོ་རྒྱུས་ཀྱི་བདེན་དཔང་བསྣམས་ནས་ལྷང་ངེར་འགྱིང་ཡོད།

དེ་ཡང་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ། འབྲི་རྫ་ཟལ་མོ་སྒང་གི་ཁོངས་རྒྱུད། གསེར་ལྡན་འབྲི་ཆུའི་འགྲམ། རྫ་ཆུ་སྔོན་མོའི་རྒྱུད། ཁམས་པ་ས་ཡི་མཐིལ། སྐྱེ་བོ་ཀུན་འདུས་པའི་མདོ། དགོས་འདོད་ཀུན་འབྱུང་གི་གནས་ཞེས་ལོ་རྒྱུས་ཐོག་མཚན་སྙན་གྱི་བ་དན་བོད་ཁམས་ལ་འབར་བའི་ཁམས་པ་མདོ་གསུམ་གྱི་ཡ་གྱལ། སྒ་ཡུལ་སྐྱེ་རྒུ་མདོ་ནི་མི་རིགས་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། རིག་གནས་ཀྱི་རྔམས་མཐུག་པའི་གནའ་བོའི་མཁར་གྲོང་ཞིག་ཡིན་ལ། ས་ལ་དགེ་བཅུ་འཛོམས་པའི་ཞིང་། བརྒྱད་ལྡན་གྱི་ཆུ་བོའི་མགོ་ཁུངས་སུ་གནས་ཤིང་སྡེ་བཞིའི་དཔལ་ལ་རོལ་བའི་མཛེས་སྡུག་གི་དག་ཞིང་རྣལ་མ་ཞིག་ཀྱང་ངོ་། །

གནས་འདི་ནི་བོད་རུས་ཆེན་བཞིའི་ཡ་གྱལ། ལྡོང་ཤུལ་ཆེན་བཅོ་བརྒྱད་གྱི་ནང་གསེས། སྒ་བ་རུ་ཆེན་དྲུག་གི་ཁོངས་སུ་གཏོགས་པ་ལགས་པས་སྒ་ཡུལ་སྐྱེ་རྒུ་མདོ་ཞེས་གྲགས། གནས་འདིའི་མི་རྣམས་ཀྱིས་སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་པ་དང་། གོམ་པ་སྤོ་ཤེས་པ་ནས་བྲོ་འཁྲབ་ཤེས་པའི་ངག་རྒྱུན་ཡང་ཐོས་དབང་གསོ་བའི་བདུད་རྩིར་མཆིས། གནས་འདིའི་མི་རྣམས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པར་མ་ཟད། སྒྱུ་རྩལ་གྱི་ཚོར་ཤེས་རྣོ་ལ། སྟངས་སྟབས་བྲོ་ཡི་གར་རྩལ་མཛེས་ཤིང་མྱུར། གྲེ་འགྱུར་ངག་གི་འགྱུར་ཁུགས་སྙན་ཞིང་འཇེབས་པས་གླུ་གར་གྱི་ཕ་ས་ཞེས་མཚན་སྙན་གྱི་མེ་ཏོག་གསོལ་ཡོད།

ད་དུང་། གནས་འདི་ནི་ཆུ་ཆེན་རྨ་འབྲི་རྫ་གསུམ་གྱི་ཆུ་མིག་རྡོལ་ས་ཡིན་ལ། གསེར་ལྡན་འབྲི་ཆུའི་ཁུག་སོ་དང་པོ་གནས་འདི་རུ་མཆིས་ཤིང་། རྫ་ཆུ་སྔོན་མོའི་བཞུར་སྟབས་ཀྱི་གཤོག་རྩལ་ཐོག་མ་འདི་ནས་བརྐྱངས། རྨ་ཆུ་གང་གཱ་གཉིས་པའི་རྒྱང་བཞུད་ཀྱི་གོམ་སྟབས་ཐོག་མ་འདི་ནས་བསྩལ་ལ། ས་གནས་མང་ཚོགས་ཀྱི་ཐུན་མིན་གྱི་ཡུལ་སྲོལ་དང་། ཡུལ་མི་རྣམས་ཀྱི་ཁྱད་འཕགས་ཀྱི་དད་པའི་སྟོབས་ལས་ཆུ་བོ་རྨ་འབྲི་རྫ་གསུམ་གྱི་རླབས་སྒྲ་གཏན་ནས་འཇགས་མྱོང་མེད། དེར་བརྟེན་རྒྱལ་ཡོངས་དང་འཛམ་གླིང་ཡུལ་གྲུ་ཀུན་ལ་ཆུའི་ཐོན་ཁུངས་འཛད་མཐའ་མེད་པ་ཞིག་མཁོ་སྤྲོད་གནང་སྟབས།“གླིང་ཆེན་ཨེ་ཤ་ཡ་ཡི་ཆུ་གཏེར”དང“ཀྲུང་ཧྭ་ཆུ་མཛོད”ཅེས་པའི་མཚན་སྙན་ཐོབ། དེ་ནི་ངེད་ཡུལ་ཤུལ་བ་ཡི་སེམས་ཁུངས་ནས་བརྡོལ་བའི་ལྷག་བསམ་དང་མཛའ་གཅུགས་ཀྱི་རྨ་འབྲི་རྫ་གསུམ་ཡིན། དེ་ནི་ངེད་ཡུལ་ཤུལ་བ་ཡི་མདུན་སྐྱོད་ཀྱི་གོམ་སྒྲ་དང་རྒྱལ་ཁའི་དུང་སྒྲ་མཚོན་པའི་རྨ་འབྲི་རྫ་གསུམ་ཡིན་ལ། དེ་ནི་ངེད་ཡུལ་ཤུལ་བའི་མཐུན་སྒྲིལ་གསེར་སྐུད་རིང་མོ་ཡི་རེ་ལྟོས་ཀྱི་རྨ་འབྲི་རྫ་གསུམ་ཡང་ཡིན།

འགྱུར་ཁུགས་ཀྱིས་གཏམས་པའི་རྩྭ་ཐང་གི་གྲོང་ཁྱེར་འདིའང་སངས་རྒྱས་སྟོང་གི་བྱིན་རླབས་འབར་བའི་གནས་མཆོག་ཅིག་སྟེ། ཀརྨ་དུས་གསུམ་མཁྱེན་པ། པཎ་ཆེན་སྨྲྀ་ཏི་ཛྙ་ན། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཀུན་གཟིགས་པཎ་ཆེན་དགུ་པ། ཡབ་རྗེ་བཀའ་འགྱུར་བླ་མ་སོགས་སྐྱེས་ཆེན་དམ་པ་མང་པོས་ཞབས་ཀྱིས་བཅགས་ཤིང་། བྱིན་གྱིས་རླབས་པའི་གནས་མཆོག་ཡིན་ལ། འབིས་ཀྱི་རྣམ་པར་སྣང་མཛད། ལེབ་ཁོག་མ་ཎི་རྡོ་བརྐོས། རྒྱ་ནག་མ་ཎི་རྡོ་སྤུངས། རྟ་རྣ་སེང་གེ་གནམ་རྫོང་། མཛོ་ཉག་སྨྲྀ་ཏི་མཆོད་རྟེན། འབྲི་སྟོད་རྗེའི་ཟངས་སྐུ་བཅས་ནི་ཞིབ་འཇུག་གི་རིན་ཐང་ཆེ་ཞིང་རྒྱལ་སྤྱིའི་མཚན་སྙན་ཐོབ་པའི་གལ་ཆེའི་རིག་དངོས་ཤ་སྟག་ཡིན།

ད་དུང་། གནས་འདི་རུ་འདབ་ཆགས་སྟོང་གི་བསྟི་གནས་སུ་གྲགས་པའི་རོང་བོ་མཚོ་དང་། སྲིད་པའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་ཁྲི་འདུའི་སྒ་སྟོད་ཇོ་བོ། རྒྱམ་རྒྱལ་རྡོ་ཏི་གངས་དཀར་སོགས་གནས་རི་བླ་མཚོ་བགྲང་ལས་འདས་པ་མཆིས་ཤིང་གཟི་འོད་རབ་ཏུ་འཚེར། གནས་འདི་ནི་དཔའ་རྒོད་གེ་སར་རྒྱལ་པོའི་གདུང་རྒྱུད་ཀྱིས་བསྐྱངས་པའི་ཁྲ་མོ་གླིང་གི་ཕ་ས་དྲོན་མོ་དང་། སྒ་སྐྱ་ལོ་སེང་ལྕམ་འབྲུག་མོའི་ཕ་ས་ཕ་ཡུལ་ཡང་ཡིན་པར་གྲགས། གནས་འདིའི་རི་ཆུ་ཡུལ་ལུང་ཀུན་ལ་འཛམ་གླིང་གེ་སར་རྒྱལ་པོའི་གླིང་སྒྲུང་དང་མ་འདྲེས་པ་ཞིག་ཕལ་ཆེར་ཡོད་མི་སྲིད། གནས་འདི་ནི་ད་དུང་གྲུ་ཡི་མདོ་དང་། དར་གོས་ཚོང་ལམ་གྱི་བརྒྱུད་ལམ། ཇ་རྟའི་གནའ་ལམ་གྱི་ལམ་མདོ། ཐང་བོད་གནའ་ལམ་གྱི་ས་ཚིགས་གལ་བོ་ཆེ་ཞིག་ཡིན་པར་ལོ་རྒྱུས་ཡིག་ཚགས་ཀྱིས་ར་སྤྲོད་ཐུབ། སྒོམ་སྡེ་ནང་ཆེན་རྒྱལ་པོ་ཞེས་ཚོ་སྡེ་སོ་དྲུག་གི་མངའ་བདག་དེས་དབང་བསྒྱུར་ནས། ཁམས་སྡེ་དགེ་རྒྱལ་པོ་དང་ཉི་ཟླ་ཁ་སྤྲོད་ཀྱི་ཚུལ་དུ་གནས་པའི་ལོ་རྒྱུས་ཀྱང་མཆིས།

འདི་ལྟ་བུ་ཕྱིའི་སྣོད་ཀྱི་བཀོད་པ་མཛེས་ཤིང་སྡུག་པ། ནང་བཅུད་ཀྱི་སེམས་ཅན་འཆམ་མཐུན་བག་ཡངས་ལྡན་པ་ཡིན་ཡང་། འདི་ལྟ་བུ་བྱིན་རླབས་ཀྱི་བཅུད་ཆགས་ཤིང་། རིག་གནས་ཀྱི་རྨང་སྲ་བའི་གྲོང་ཁྱེར་ཞིག་ཡིན་ཡང་། རང་བྱུང་འབྱུང་བཞིའི་འཇིགས་པ་བཟློག་མེད་ངང་འཁོར་ཡོང་ལ། མི་འདོད་གེགས་རྐྱེན་ནད་ཡམས་སོགས་ཀྱི་ཞགས་ནག་ཀྱང་གཡོལ་མེད་ངང་རྩེན་ཡོང་། ལོ་དེ་ནི་ངེད་ཡུལ་ཤུལ་བའི་སེམས་ནས་བརྗེད་ཐབས་བྲལ་བའི་ན་ཟུག་གི་རྨ་ཁ་ཞིག་རེད། ལོ་དེ་ནི་ངེད་ཡུལ་ཤུལ་བའི་ལོ་རྒྱུས་ཐོག་གསུབ་ཐབས་མེད་པའི་མུན་ནག་གི་ཉིན་ཞིག་རེད་ལ། ལོ་དེར་ངེད་ཡུལ་ཤུལ་བའི་མི་ཤི་ཁང་ཉུལ་ནས། སྐྱ་ཟད་སྔོ་གཏུགས་ཀྱི་ལོ་ཟླ་ནག་པོ་ཞིག་ཀྱང་རེད། གུ་ཡངས་དང་སྙིང་རྗེ་སྤུ་ཙམ་མེད་པའི་ས་ཡོམ་དེས་ང་ཚོའི་ཕ་ས་ཕ་གཞིས་བཅོམ་ཆག་གྲ་ཉིལ་དུ་བཏང་སོང་། དུས་དེ་དུས་ཀྱང་། ངེད་ཡུལ་ཤུལ་བའི་སེམས་པའི་གཏིང་རིམ་ནས་རེ་ལྟོས་ཀྱི་སྙིང་སྟོབས་ཆད་མྱོང་མེད་ལ། རྨ་འབྲི་རྫ་གསུམ་གྱི་རླབས་སྒྲ་ནི་དེ་བས་ཀྱང་འཇགས་མྱོང་མེད།

ད་ལོ་ཡང་། ཏོག་དབྱིབས་ནད་དུག་གི་འདྲེ་ལག་ཕ་ཡུལ་དུ་བསྙབས་ནས་ཡུལ་མི་མིང་སྲིང་མང་པོར་ནད་དུག་གིས་མནར་གཅོད་བཏང་ནས་འཇིགས་སྐྲག་གི་འཇབ་རྒོལ་ཐེབས། ནད་ཡམས་ནི་རླུང་ནང་གི་མེ་སྟག་བཞིན། གཅིག་ནས་བཅུ་དང་། བཅུ་ནས་ཉི་ཤུ། རིམ་བཞིན་འཕར་ནས་ཚོང་ཁྲམ་གྱི་འདུ་འཛི་གཏོར་སོང་ལ། སྲང་ལམ་གྱི་འུར་ཟིང་ཡང་བཅད་སོང་། ཡིན་ན་ཡང་། ལྷིང་འཇགས་དང་འཇམ་ཐིང་གིས་བསྐྱེད་ཡོང་བ་ནི་འཇིགས་སྐྲག་དང་འུ་ཐུག་ཁོ་ན་མ་ཡིན་ཞིང་། དེ་ནི་རང་སྲོག་ལ་བདག་གཅེས། གཞན་སྲོག་ལ་འགན་ཁུར་བའི་ལྷག་བསམ་གྱི་དྲི་འཐུལ་བའི་ལྷིང་འཇགས་དང་འཇམ་ཐིང་ཞིག་ཡིན་ལ། བཀའ་རང་སྲུང་དང་། འགན་རང་འཁུར་གྱི་ཉེན་འགོག་གི་དུང་བརྡ་ཞིག་ཀྱང་ཡིན། གོས་དཀར་ལྷ་རྗེའི་ཚོགས་དང་། བློ་དཀར་རང་འདུན་པ་རྣམས་དཔུང་པ་མཉམ་སྒྲེལ་གྱིས་ཉིན་ནས་མཚན་བསྐྱལ་ཏེ། མཚན་ནས་ཉིན་མཐུད་དེ་རྣམ་པར་རྒྱལ་བའི་སྐྱ་རེངས་དྭངས་མ་ཞིག་གི་ཕྱིར་དུ་རང་སྲོག་བློ་བཏང་ནས་ངོ་རྒོལ་དང་འཐབ་རྩོད་ལ་བྲེལ། ཡུལ་མི་མང་ཚོགས་རྣམས་ཀྱིས་ཀྱང་འཁང་ར་དང་ལེ་བདའ་ཀུན་ནས་སྤངས་ཏེ་ཁོང་རྣམ་པའི་སྡོངས་གྲོགས་མཛད་ནས་སྐྱིད་ན་སྐྱ་ཀ་ཁྲ་མཉམ། སྡུག་ན་ཕོ་རོག་ན་མཉམ་གྱི་དམ་བཅའ་བརྟན་པོ་ཁོག་ཏུ་བཅངས་ཡོད། རིམས་ནད་ཀྱིས་མིང་སྲིང་བདེ་སྐྱིད་ཀྱི་འཛུམ་མདངས་གཞོམ་མི་ཐུབ་ལ། ཡུལ་ཤུལ་མདུན་སྐྱོད་གོང་འཕེལ་གྱི་ལམ་བུ་དེ་བས་ཀྱང་འགོག་མི་ཐུབ།

ཡུལ་ཤུལ། མཛེས་སྡུག་གིས་འཚོས་མྱོང་བའི་ཡུལ་གྲུ། སྒ་སྐྱེ་རྒུ་མདོ། གླུ་བྲོ་ཡིས་གཅེས་མྱོང་བའི་ཕ་ས། ཁྱེད་རང་སླར་ཡང་རྩྭ་ཐང་གི་གཞི་ཁྱོན་དུ་མེ་ཏོག་བཞིན་བཞད་ཤོག། ཁྱེད་རང་སྔར་བཞིན་མཐོ་སྒང་གི་ཡང་རྩེ་ནས་སྐར་ཆེན་བཞིན་འཚེར་ཤོག།


  • ལེ་ཚན་སྔོན་མ།:དཔེ་ཆ་ནི་ཤེས་རབ་ཀྱི་ལྷ་ཆེན་པོ་དེ་ཡིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།