ཞི་ཅིན་ཕིང་གིས་རིག་གནས་སྲུང་སྐྱོང་ཚོགས་ཆེན་ལ་འཕྲིན་ཡིག་སྤྲིངས།

        2023-04-27

  སྤྱི་ཟླ4པའི་ཚེས25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོང་མནའ་འབྲེལ་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་པ་རེད།


     ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཤེ་ཡ་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་འབྱུང་གནས་གལ་ཆེན་ཞིག་ཡིན་ལ། རིག་གནས་ཤུལ་བཞག་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་འགན་ལེན་བྱས་ནས་འཛམ་གླིང་གི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ངོ་མཚར་ཆེ་བའི་ལེའུ་ཞིག་བརྩམས་ཡོད། 2019ལོར་ངས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ཐོག་ཨེ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་ཀ་སྤེལ་རྒྱུའི་གྲོས་འགོ་བཏོན་པ་ཡིན། ལོ4ཡི་རིང་ཕྱོགས་ཁག་གིས་དང་ལེན་ཧུར་ཐག་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་གནའ་བོའི་ཤེས་དཔལ་ཞིབ་འཇུག་དང་། མཉམ་འབྲེལ་གནའ་རྫས་རྟོག་ཞིབ། གནའ་ཤུལ་ཉམས་གསོ། རྟེན་རྫས་བཤམས་མཛོད་ཁང་གི་སྤེལ་རེས་སོགས་ཀྱི་ཐད་དངོས་སྒྲུབ་མཉམ་ལས་བྱས་ཏེ་མིའི་རིགས་ཀྱི་ཤེས་དཔལ་གྱི་སྙིང་བཅུད་སྲུང་སྐྱོང་བྱ་ཆེད་ཨེ་ཤེ་ཡའི་ལེགས་སྐྱེས་གསར་པ་ཕུལ་ཡོད།

 

     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཨེ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོང་མནའ་འབྲེལ་བཙུགས་པ་དེ་ཨེ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཤུགས་བསྣན་པ་དང་། ཨེ་ཤེ་ཡའི་ཤེས་དཔལ་སྤེལ་རེས་ཟབ་ཏུ་གཏོང་ཞིང་། འཛམ་གླིང་གི་ཤེས་དཔལ་བརྒྱ་ཡི་མེ་ཏོག་ལྡུམ་ར་དར་རྒྱས་ཡོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་ཕན་ཐོགས་ཡོད་ཅེས་ནན་གསུངས་གནང་བ་རེད། མནའ་འབྲེལ་གྱི་སྒྲོམ་གཞིའི་འོག་ཀྲུང་གོས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཉམས་མྱོང་སྤེལ་རེས་ལ་ཤུགས་བསྣན་པ་དང་། རིག་གནས་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་དང་མཉམ་ལས་ཀྱི་དྲ་བ་གཏོད་པ། རྒྱལ་ཁབ་ཁག་གི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་དང་ཡར་ཐོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།


     ཨེ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོང་མནའ་འབྲེལ་ཚོགས་ཆེན་དེ་རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུས། ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་གིས་གཙོ་གཉེར་བྱས་པ་དང་། ཚེས25ཉིན་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།




ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར།

ལོ་ཙཱ་བ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:ལི་ཆང་གིས་ཁེ་ཐེ་ཏི་ཝའི་ཙུང་ལི་དང་ཐུག་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།