དཔེ་ཆ་ནི་ཤེས་རབ་ཀྱི་ལྷ་ཆེན་པོ་དེ་ཡིན།

འཆིང་གྲོལ།        2023-04-26

བདེན་པ་ཡིན་ཏེ། ང་དཔེ་ཆ་ལ་དགའ་དེ་ལས་ཀྱང་དཔེ་ཀློག་བྱ་རྒྱུར་དགའ། ལྷག་ཏུ་དམ་པ་གོང་མའི་གསུངས་རབ་ལ་དགའ། དཔེ་ཆའི་ལྡེབ་ངོས་ཀྱི་ཉིན་སྲིབ་གཡས་གཡོན་དུ་བྲིས་པའི་སྣང་བརྙན་མི་འདྲ་བ་དང་བརྗོད་དོན་མི་གཅིག་པའི་ཤེས་བྱ་རེ་རེ་ལ་དགའ། འོད་ཟེར་སྣ་ཚོགས་འཕྲོས་པའི་གཏམ་རྒྱུད་སྙན་མོ་རེའང་ཁྱོད་ལས་བརྟེན་ནས་བྱུང་བར་མ་ཟད། ཁྱེད་རང་ཕུགས་བསམ་རིང་ལུགས་པའི་ཚེ་སྲོག་དེ་ཡང་རེད། ང་ཚོ་ཆུང་དུས་ནས་དགེ་རྒན་གྱི་དཀའ་སློབ་ཀྱིས་སྙན་རྩོམ་དང་མཛེས་རིས། གླུ་དབྱངས་སོགས་བསམ་བློའི་རིག་གནས་ཀྱི་ཉིང་བཅུད་མང་དུ་བླུད་མྱོང་བས་ང་ཚོ་དཔེ་ཆ་ལ་དགའ། དེ་ལྟར་དགའ་དོན་ཡང་སྙན་རྩོམ་དང་རོལ་དབྱངས་སོགས་ཤེས་བྱ་མཐའ་དག་དཔེ་དེབ་ཀྱི་ཁྲོད་ན་ཡོད་པས་རེད། དེ་རིང་འཛམ་གླིང་དཔེ་ཀློག་ཉིན་མོ་ཡིན་ཙང་སྐད་འཕྲིན་ཐད་གཏོང་འཁྱུག་དབྱིངས་སོགས་དཔེ་ཀློག་དུས་ཆེན་བསུ་བཞིན་འདུག། ང་རང་ཡང་ཁྱེད་ཚོ་དང་འདྲ་བར་དཔེ་ཀློག་དུས་ཆེན་བསུ་བཞིན་ཡོད། འོན་ཏེ་དཔེ་ཆ་ནི་ཉིན་གཅིག་དང་གཉིས་ལ་བཀླག་རྒྱུ་ཙམ་མིན་ཏེ། མི་ཚེ་གང་པོར་ཉིན་རེར་མཐར་ཆགས་སུ་བལྟས་ཏེ་རྒྱུན་བསྐྱང་རྒྱུ་དེ་རེད། ང་ཚོས་རེ་སྒུག་བྱེད་པའི་ལོ་ཟླ་རེ་རེ་དང་། ཡང་ན་ངས་བརྗེད་མེད་པའི་ལོ་ཟླ་རེ་རེ་དང་དུས་ཚིགས་རེ་རེ་སྟེ། སློབ་ཆུང་ལོ་རིམ་དྲུག་པ་ནས་ང་རང་དཔེ་ཆ་དང་བྲལ་མྱོང་མེད་པས་ཁྱོད་རང་ངའི་གྲིབ་མ་དེར་གྱུར་ཅིང་། ངས་རང་གི་མི་ཚེ་དམིགས་ཡུལ་ཡང་ཁྱེད་ཁོ་ན་ཡིན་པར་འདོད་དེ། ཁྱེད་ཉིད་ནི་ང་ལ་འཐོབ་འདོད་པའི་མངའ་ཐང་དང་ལོངས་སྤྱོད་ཁོ་ན་དེ་ཡིན་པར་འདོད་ཡོད། ད་སྐབས་བལྟས་ཀྱང་དེ་ནོར་འཆུག་ཅིག་གཞི་ནས་མིན་པར་མ་ཟད་དེ་ནི་ཡང་དག་པའི་བསམ་བློ་ཞིག་རེད། ངས་དུང་ཡང་དཔེ་ཀློག་བྱེད་ངེས། ངས་འཇིག་རྟེན་འདིར་བདེ་མོ་འཇོག་མ་རན་བར་དཔེ་ཀློག་བྱེད་ངེས། དཔེ་ཆ་ཤེས་རབ་ཀྱི་ལྷ་ཆེན་པོ་ནམ་ཡང་མི་འཇིག་པར་གྱུར་ཅིག།



  • ལེ་ཚན་སྔོན་མ།:འཛམ་གླིང་དཔེ་ཀློག་ཉིན་མོར་ཕུལ་བའི་སྐད་ཆ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།