སྐབས་133པའི་ཀོང་ཀྲོའུ་ཚོང་འདུས་ཀྱི་དུས་ཐེངས་གཉིས་པ་འཚོགས་པ་དང་། ཚོང་འདུས་ཀྱི་གཞི་ཁྱོན་སྔར་བས་རྒྱ་ཆེར་ཕྱིན་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-04-25

སྐབས་133པའི་ཀོང་ཀྲོའུ་ཚོང་འདུས་ཀྱི་དུས་མཚམས་གཉིས་པའི་བྱེད་སྒོ་ཚེས་23ཉིན་སྤེལ་བ་དང་། འགྲེམས་ཁྱོན་དང་། འགྲེམས་གནས་ཀྱི་གྲངས་འབོར། འགྲེམས་ཚོགས་ནང་ཞུགས་མཁན་ཁེ་ལས་བཅས་ཚང་མ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། འགྲེམས་ཁང་གསར་པ་དང་། བརྗོད་དོན་གསར་པ། ཁེ་ལས་གསར་པ། ཐོན་རྫས་གསར་པ་བཅས་ལས་ཉོ་སྒྲུབ་བྱེད་མཁན་ཚོང་པའི་བློ་ཡིད་ཚིམ་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། ཚེས་23ཉིན་གྱི་ཉིན་གཅིག་ལ་འགྲེམས་ཁང་དུ་ཕེབས་མཁན་གྱི་སྐུ་མགྲོན་མི་ཐེངས་ཁྲི་20ལས་བརྒལ་ཡོད་པ་རེད། གསར་དུ་བཙུགས་པའི་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་བྱིས་པ་བཅས་ཀྱི་འཚོ་བའི་མཁོ་ཆས་ཀྱི་འགྲེམས་ཁུལ་དུ་བྱིས་པའི་འཁོར་རིགས་ཆིག་སྟོང་ཙམ་དང་། ཕྲུ་གུ་དམར་འབྱར་གྱི་གྱོན་ཆས་དང་རྒྱན་ཆས། ཕྲུ་གུ་དམར་འབྱར་དང་བྱིས་པའི་ཁྱིམ་ཆས། བྱིས་པའི་སློབ་ཆས། མ་བུའི་གློག་ཆས་སོགས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་བྲིན་ཁ་རྒྱུག་པའི་ཐོན་རྫས་འགྲེམས་སྟོན་བྱས་པ་རེད།

ད་ལོའི་ཀོང་ཀྲོའུ་ཚོང་འདུས་ཐོག་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་220ལྷག་ཙམ་ནས་ཡོང་བའི་ཚོང་པ་ཁྲི་ཕྲག་མང་པོ་འཛོམས་ཡོད་པ་རེད། ཁ་ན་ཏ་ནས་ཡིན་པའི་ཉོ་སྒྲུབ་ཚོང་པ་ཞིག་གིས་གསར་འགོད་པར། ང་ཐེངས་20ལྷག་ཡོང་མྱོང་། ཡོང་རིམ་བཞིན་རྒྱ་ཤིན་ཏུ་ཆེ་བའི་ཚོར་སྣང་ཡོང་གི་འདུག ལོ་གསུམ་ལྷག་ཙམ་སོང་རྗེས་སླར་ཡང་དེ་གར་སླེབས་དུས། སྔར་བཞིན་ཚོར་སྣང་ཡག་པོ་འདུག དེ་གའི་ཚོང་ཟོག་སྣ་ཁ་ཤིན་ཏུ་འཛོམས་པས། ཉོ་སྒྲུབ་མཁན་ལ་མཚོན་ན་ཧ་ཅང་སྟབས་བདེ་པོ་རེད་འདུག་ཅེས་བཤད་པ་རེད།

ཀོང་ཀྲོའུ་ཚོང་འདུས་སུ་ཐེངས་དང་པོ་ཡོང་བའི་མོ་ཞི་ཁོའི་འགྲེམས་སྟོན་ཚོང་པ་ཞིག་གིས་ཀྲུང་གོས་བཟོས་པའི་ཐོན་རྫས་ཀྱི་རིན་གོང་དང་ཞབས་ཞུར་འགྲན་རྩོད་ཀྱི་ནུས་པ་ཆེན་པོ་ལྡན་ཡོད་ལ། ཇུས་འགོད་ཀྱང་ཧ་ཅང་ཡག་པོ་ཡོད། ངས་བལྟས་ན་དེ་ནི་སྤུས་ཚད་མཐོ་བའི་མཚོན་ཚུལ་གཞན་ཞིག་རེད་ཅེས་བཤད་པ་རེད།

  • ལེ་ཚན་སྔོན་མ།:རང་རྒྱལ་འདི་ཉིད་མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་བཞིན་ཡོད།
  • ལེ་ཚན་རྗེས་མ།:སྨན་སྣ་1029ཞིང་ཆེན་གྱི་སྨན་བཅོས་འགན་བཅོལ་ནང་བཞག་པ།
  • དོ་སྣང་ཆེ་བའི་རྩོམ།