དཔྱིད་ཀའི་སློབ་གླིང་།

སངས་རྒྱས་མཁར།        2023-04-24

རྨ་ཀླུང་སྒེག་མོའི་ལྟོ་བ་རུ།།

ལེགས་འཁྲུངས་རྨ་བོད་སློབ་འབྲིང་འདི།།

ཡུལ་འདིར་རིག་པའི་ས་བོན་ནི།།

ལེགས་པར་འདེབས་ཕྱིར་མངགས་པ་བཞིན།།

རྡུལ་གྱི་དྲི་མས་གོས་པ་ཡི།།

སྡོང་བོ་དང་ནི་ཡལ་གའི་ཚོགས།།

སྐད་ཅིག་ཉིད་ལ་བཀྲུ་སླད་དུ།།

ཆར་བའི་དངོས་གྲུབ་ཟམ་ཟིམ་འཇོ།།

སྣ་ལ་དྲི་ཞིམ་བཅུད་སྟེར་ཞིང་།།

མིག་ལ་མཛེས་པའི་དཔལ་སྦྱིན་པ།།

གསར་དུ་འབུས་པའི་མྱུ་གུ་རྣམས།།

སྔོན་མེད་སྙིང་གི་བདུད་རྩི་ལགས།

དཔྱིད་རླུང་ཤིག་ཤིག་གཡུགས་པ་ན།།

སྣ་ཚོགས་འཁྲི་ཤིང་དག་གིས་ནི།།

རྡུལ་གྱིས་ཟིན་པའི་གོས་བརྗེས་ནས།།

མཛེས་པའི་ཆར་ལྡན་བསུ་བར་བྲེལ།།

བྱ་རྒྱལ་སྐྱེངས་པ་སྟེར་བྱེད་པའི།།

མཐོ་བརྗིད་ཁང་བརྩེགས་འདི་དག་ནི།།

བརྒྱ་བྱིན་གྲོང་གི་བཟོ་བོ་ཡིས།།

བྱས་པ་མིན་ན་སུ་ཡིས་ནུས།།

བྱ་དང་བྱིའུའི་སྐད་སྙན་དག།

སྙན་འཇེབས་ཅི་དགར་སྒྲོག་པ་ནི།།

ཚངས་སྲས་མ་ཡི་པི་ཝང་ལས།།

འཁྲོལ་ལམ་སྙམ་པའི་དཔྱངས་ཐག་འཛིན།།

བློ་གསལ་གཞོན་ནུའི་ཚོགས་རྣམས་ཀྱི།།

དཔེ་ཀློག་དབྱངས་རྟ་སྙན་མོ་ཡིས།།

སུམ་རྩེན་ཡུལ་གྱི་ལྷ་རྣམས་ཀྱི།།

རྨི་ལམ་རེ་ཞིག་དཀྲོགས་སྙམ་བྱེད།


  • ལེ་ཚན་སྔོན་མ།:དཔྱིད་ཀ་ལ་བཏང་བའི་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།