ཧྲེན་དབྱང་གིས་ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་ཞིབ་པ་ཁུང་པིང་ལ་ཐུག་འཕྲད་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2023-04-24

སྤྱི་ཟླ4པའི་ཚེས18ཉིན། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོ་ནས་ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་ཞིབ་པ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཁུང་པིང་དང་བཅས་པར་ཐུག་འཕྲད་གནང་། ཕྱོགས་གཉིས་པོས་སྤེལ་རེས་མཉམ་ལས་གཏིང་ཟབ་བཏང་སྟེ། བསམ་བློ་དང་རིག་གནས་དྲིལ་བསྒྲགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ཐད་ནས་སྤེལ་རེས་དང་བཞུགས་མོལ་གནང་བ་རེད།

ཧྲེན་དབྱང་གིས་ཁམས་པའི་བརྙན་འཕྲིན་ཁང་གིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་ལ་སེམས་ཁུར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་ཁམས་པའི་བརྙན་འཕྲིན་གྱིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ལག་ལེན་དངོས་ཀྱི་ཚུལ་དྲིལ་བསྒྲགས་གསར་འགོད་འབོར་ཆེན་བྱས་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱིས་སྔར་བས་དཀར་མཛེས་ཁུལ་ལ་རྒྱུས་ལོན་དང་དཀར་མཛེས་ཁུལ་ལ་དོ་ཁུར། དཀར་མཛེས་ཁུལ་ལ་རྒྱབ་སྐྱོར་བྱེད་པར་ཕན་ཐོགས་ཤིང་། དཀར་མཛེས་ཁུལ་འཕེལ་རྒྱས་འགྲོ་བར་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད། ཁམས་པའི་བརྙན་འཕྲིན་ལ་མཚོན་ན། རྒྱལ་ཡོངས་དང་ལྷག་པར་དུ་བོད་འབྲེལ་ས་ཁུལ་དུ་ཤུགས་རྐྱེན་ཆེན་པོ་ཡོད་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད། ཁམས་པའི་བརྙན་འཕྲིན་གྱིས་གཙོ་རྒྱུག་འཕྲིན་སྦྱོར་ལས་སྟེགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་དཀར་མཛེས་ཁུལ་ལ་མུ་མཐུད་དེ་དོ་ཁུར་དང་དྲིལ་བསྒྲགས། རྒྱབ་སྐྱོར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མཛུབ་སྟོན་རོགས་རམ་དང་སྤེལ་རེས་མཉམ་ལས་གཏིང་ཟབ་བཏང་ནས། དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་དང་ཁྱད་ལྡན་ཞིང་འབྲོག་ལས། འབག་མེད་ནུས་ཁུངས་བཅས་དོན་ཆེན་གསུམ་འོས་སྦྱོར་ཡག་པོ་བྱ་རྒྱུར་རོགས་རམ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅངས་ནས། དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་སྟོབས་ཤུགས་གཅིག་ཏུ་བསྡུ་བའི་རེ་བ་ཡོད་ཅེས་གསུངས།

ཁུང་པིང་གིས་ཁམས་པའི་བརྙན་འཕྲིན་གྱི་ལས་སྒོའི་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་གནང་ཞིང་། ཁོང་གིས་དུས་ཡུན་རིང་པོར་ཁམས་པའི་བརྙན་འཕྲིན་དང་དཀར་མཛེས་ཁུལ་བར་སྤེལ་རེས་རྒྱ་ཆེ་དང་མཉམ་ལས་དམ་ཟབ་ཡོད། ཁམས་པའི་བརྙན་འཕྲིན་གྱིས་ལེགས་ཆ་འདོན་སྤེལ་གང་ལེགས་དང་མཉམ་ལས་ཀྱི་རིམ་པ་ཕུན་སུམ་ཚོགས་སུ་བཏང་སྟེ་དཀར་མཛེས་ཁུལ་གྱི་ཡུལ་སྡེ་དར་རྒྱས་དང་རིག་གནས་ཡུལ་སྐོར་སོགས་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་ནས་དྲིལ་བསྒྲགས་གསར་འགོད་དང་དཀར་མཛེས་ཁུལ་གྱི་གཏམ་རྒྱུད་ཡག་པོ་བཤད་དེ། དཀར་མཛེས་ཁུལ་གྱི་མཚན་སྙན་གྲགས་གོང་དུ་བསྟོད་ཅིང་དཀར་མཛེས་ཁུལ་ཡུན་རིང་བདེ་འཁོད་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།

དཀར་མཛེས་ཁུལ་གྱི་མགོ་ཁྲིད་ཝང་ཡུས་ཆུང་དང་ཡོན་མིང་ཀོང་། ཁམས་པའི་བརྙན་འཕྲིན་ཁང་གི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་ལྟ་སྐུལ་པ་གཞོན་པ་འཆི་མེད་དབང་མོ་སོགས་བཞུགས་མོལ་དུ་ཞུགས་ཡོད།།

  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་གིས་དཔེ་སྟོན་གླིང་ཁུལ་གྱི་སྒོ་འབྱེད་མཛད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་བོད་ལྗོངས་ཚོང་ཚོགས་ཁེ་ལས་མཁས་ཅན་གྱི་འཐུས་མིར་ཐུག་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།