ཡིད་ཀྱིས་སྐྱོམ་པའི་རླབས།

གཡུང་དྲུང་བཀྲ་ཤིས།        2023-04-21

མཛེས་སྡུག་ཡིད་ཀྱི་སྤྲིན་པ་དབང་མེད་དུ་འཕྱོ་སའི།།

མཛེས་པའི་ཕ་ས་ཕྱུག་མོ་རྫ་ལུང་གི་ཁྲོད་ནས།།

མཛེས་བྱེད་དལ་རྟེན་འདབ་མ་ཆ་ཤས་ཀྱང་བཞད་པའི།།

མཛེས་ལེགས་མི་ཚེའི་ལག་རྟེན་རྙེད་པ་འདི་རྨད་དོ།།

རྣམ་མང་འཁོར་བའི་དུཿཁའི་རླབས་རྒྱུན་གྱི་ཀློང་ནས།།

རྣམ་ཀུན་གཞིས་ཁྱིམ་གྲུ་བཞིའི་དྲོད་ཁོལ་གྱི་སླད་དུ།།

རྣམ་པ་ཀུན་ལས་འཕགས་པའི་ལྕིགས་ལྡན་ཞིག་མིན་ཡང་།།

རྣམ་གྲངས་བགྲང་གིས་མི་ཟིན་དཀའ་སྤྱད་དེ་ལྕི་སོང་།།

ཚེ་སྟོད་ཟང་ཟིང་སྒྱུ་མའི་ཀློང་ཡངས་སུ་ཐིམ་ཀྱང་།།

ཚེ་སྨད་དགེ་ཚོགས་སྨིན་པའི་ཞིང་ས་རུ་ལྷགས་ཏེ།།

ཚེ་ཚད་དར་སྐུད་སྐྱ་བོས་དག་ཞིང་ལ་བརྩོན་པ།།

ཚེ་འབར་ཇི་བཞིན་གཟིམས་མེད་ལམ་ལམ་དུ་འཚེར་བྱུང་།།

རྒྱུ་འབྱོར་ཕྱུག་པོའི་གདོང་ལ་འཛུམ་འཛུམ་ཡང་མ་བྱས།།

རྒྱུ་མེད་འཚོ་བའི་ཀློང་ནས་སྡུག་སྡུག་ཀྱང་མ་བྱས།།

རྒྱུ་གསོག་འཕྲལ་བདེ་བོར་ནས་ངན་ངོན་ལ་འཁྲིས་ནས།།

རྒྱུ་འབྲས་མིག་བཞིན་བསྲུངས་ཏེ་ཕྱི་ཆས་ལ་འབད་མཚར།།

མ་རིག་མུན་པའི་གྲོང་ནས་འོད་སྣང་གིས་ཕྱུག་པའི།།

མ་སྨད་མཚན་ལྡན་བླ་མའི་གདམས་ངག་གི་ཆར་རྒྱུན།།

མ་བསྐུལ་སྐོམ་པའི་སྐྱེམས་ཆུ་འདོད་པ་ལྟར་བླངས་ནས།།

མ་དག་སེམས་རྒྱུད་རྒོད་པོ་དགེ་ཕྱོགས་སུ་ཆས་འདུག།

མི་སྡོད་ནར་མར་བཞུར་བའི་ལོ་ཟླ་ཡི་གཙང་པོས།།

མི་ལུས་འདབ་མ་རེ་རེ་གང་ས་རུ་སྟོར་ཀྱང་།།

མི་ལོ་བརྒྱད་ཅུར་སོན་པའི་དུས་བཟང་ཞིག་ཤར་བར།།

མི་ཧྲེང་ཁོ་བོ་བྲོད་པས་ཡིག་ཚོགས་འདི་ཐལ་ལོ།།

བཀྲ་ཤིས་སྟོང་གིས་ཕྱུག་པའི་བསྐལ་བཟང་གི་ཉི་མ།།

བདེ་ལེགས་བརྒྱད་ཅུར་སོན་པའི་དུས་བཟང་འདི་ལེགས་ཤིང་།།

ཕུན་ཚོགས་རྣམ་པ་བཀྲ་བའི་གང་དེ་ཡི་འཛུམ་མདངས།།

གཟིམས་མེད་ཡུན་དུ་བཞད་པའི་སྨོན་པ་ཞིག་ངས་འདེབས།།


  • ལེ་ཚན་སྔོན་མ།:ཐོས་པ་དགའ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།