རྩེན་སྨྱུག་གྲོལ། 2023-04-21
གསེར་མདོག་གི་རི་བོ་དེའི་འདབས་རོལ་ན་འབྲོག་ཁྱིམ་ཕལ་བ་ཞིག་གི་གཞིས་ཀ་ཡོད། དེ་རུ་འབྲོག་པ་ཞིག་ལ་ཡོད་པར་འོས་པའི་རྟ་ནོར་ལུག་གསུམ་དང་། དེ་དག་ལ་ཉིན་མཚན་དབྱེར་མེད་དུ་བདག་སྐྱོང་བྱེད་པའི་འབྲོག་ཁྱི་ཞིག་ཀྱང་ཡོད། འབྲོག་ཁྱི་དེ་ནི་ང་རང་ཆུང་དུས་ཤིག་ནས། ངེད་ཚང་གི་ཁང་པའི་གཡས་འགྲམ་དུ་བཏགས་ཡོད་ཅིང་། མིང་ལ་ཨོབ་ཐར་ཟེར། ཨོབ་ཐར་ཞེས་པའི་དོན་ནི། སྔོན་ཆད་ངེད་ཚང་གི་སྒོ་ཁྱི་ཡང་ནས་ཡང་དུ་ཤི་འགྲོ་བའི་གནས་ཚུལ་བྱུང་བས། ཨོབ་ཐར་ཁྱི་ཕྲུག་ཡིན་དུས་སུ་རྟ་སྒའི་ཨོབ་ཆེན་གྱི་ནང་ནས་ཚུར་བླངས་ཤིང་དེ་ལས་ཐར་བ་ནི་ཁོ་རང་ཚེ་ལས་ཐར་བ་དང་འདྲ་བས་ཨོབ་ཐར་ཞེས་མིང་བཏགས་པ་རེད། ཨོབ་ཐར་ནི་རྨ་ཆུའི་དངུལ་རྭ་ནས་ཁྱེར་འོང་བའི་ཁྱི་མོ་ཞིག་ལ་ཁྱི་ཕྲུག་གཉིས་ཡོད་པའི་གཅིག་ཡིན་ལ། ཅིག་ཤོས་ནི་བླ་མ་ཞིག་ལ་ཕུལ། ཨོབ་ཐར་གྱི་ཁོག་སྟོད་དང་མགོ་བོ་ཆེ་བས་སེང་གེ་ཞིག་དང་ཀུན་ནས་མཚུངས། ད་དུང་རྣ་ཅོག་ཆེ་བས། ཁྱིམ་མཚེས་དག་གིས་ཁྱེད་ཚང་གི་ཁྱི་རྒན་རྣ་ལྷུབ་ཟེར། མཚན་མོ་དག་ཏུ་ཨོབ་ཐར་གྱི་ཟུག་སྐད་ལ་འཇགས་པ་མེད་པར། རི་ལུང་ཀུན་ཏུ་བརྒྱུགས་ཏེ་འབྲོག་ཁྱིམ་འདིའི་ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་བྱེད། སྐབས་དེ་དག་ཏུ་ངེད་ཚང་གི་ཨ་ཕས་སློག་པ་ཤམ་གྱོན་བྱས་ཏེ། ཀི་སང་ངེ་བ་རེ་བཏབ་རྗེས། ཧ་ཅང་བློ་བདེ་པོའི་ངང་གཉིད་དུ་ཡུར་ཆོག་པ་ཡིན།
ཕུ་བོ་དང་ངེད་གཉིས་ཕྱད་པར་གནང་བའི་སྐབས་སུ། ཨ་ཕའི་འཕྲུལ་རྟའི་འཕོངས་ལ་ཞོན་ཏེ་ཕ་ཡུལ་དུ་ལོག་ཐེངས་རེར། ཨོབ་ཐར་ལ་ཡང་ཡང་ལྟ་རུ་སོང་བ་ཡིན། ཨོབ་ཐར་ནི་ཁྱིམ་ཚང་འདིའི་ལ་རྒྱ་དང་གཟི་བརྗིད་ཅིག་ཏུ་བརྩིས་ནའང་མི་ཆོག་པ་མེད་དེ། སྡེ་བའི་ནང་གི་མི་ཚང་མ་ངེད་ཚང་གི་ཨོབ་ཐར་གྱི་དཔའ་ངར་དང་རྫིག་ཉམས་ལ་ཡིད་སྨོན་ཤོར་ཡོད། ཨོར་ཐར་གྱི་རྣ་འབྱོག་ནི་ཁྱི་གཞན་དང་བསྡུར་ན་ཅུང་ཆེ་བས། རྒྱུག་པའི་ཚེ་ན་རྣ་འབྱོག་ལྷབ་ལྷུབ་ཏུ་གཡོ་བར་བྱེད། ཨ་མས་རྟག་པར་སྒོ་ཁྱི་ཞེས་དམན་སར་མི་འཇོག་ལ། ཨ་ཕས་ཀྱང་འདྲེ་ཁྱི་དང་གདོན་ཁྱི་སོགས་སུ་འབོད་པ་ཡེ་ནས་མི་གནངས། ལོ་སར་དང་དགུན་བཤས་སོགས་ཀྱི་སྐབས་སུ་ཡང་བརྗེད་དུ་མེད་པར་ཨོར་ཐར་ལ་ལོ་སྐལ་དང་ཤ་སྐལ་སོགས་ཅིས་ཀྱང་སྟེར་ངེས་སོ། །
ཨོབ་ཐར་ནི་ཁྱི་གཞན་དང་བསྡུར་ན་ཟུག་སྐད་སྙན་ཞིང་། རྐུན་ཇག་སོགས་ཀྱི་སྟེང་ལ་གཞན་ལས་ལྷག་པའི་དཔའ་ངར་ཡོད་མཁན་ཞིག་ཡིན་པས། ངེད་ཚང་ལ་མགྲོན་པོ་རེ་འོང་ན་ཡང་། སྒོ་ཁར་མ་ཐོན་པའི་ཡར་སྔོན་དུ། ཁྱེད་ཚང་གི་ཨོབ་ཐར་བཏགས་ཨེ་ཡོད་ཅེས་དྲི་བར་བྱེད་པས། དུས་ཚོད་མང་ཆེ་བར་ངེད་ཚང་གི་ཨོབ་ཐར་འདོགས་ཐག་ལ་བཏགས་ནས་ཡོད། འབྲོག་ཁྱིམ་ཞིག་ལ་མཚོན་ན། འབྲོག་ཁྱི་རྣལ་མ་ཞིག་ཅིས་ཀྱང་མཁོ་ལ། དེ་ནི་འབྲོག་པའི་འཚོ་བའི་ནང་གི་གྲུབ་ཆ་ཉག་གཅིག་ཏུ་གྱུར་ཡོད་སྟབས། མི་གཞན་ཞིག་གིས་འབྲོག་པའི་འཚོ་བ་ལ་རྒྱུས་ལོན་བྱ་ན། ལུས་སྟོད་ཆེ་བའི་འབྲོག་ཁྱི་ཞིག་ཅིས་ཀྱང་ཝ་ལེར་ཡིད་ལ་འཁོར་སྲིད།
སྐབས་དེ་དག་ཏུ་འབྲོག་ནང་དུ་མར་ཕྱུར་སློང་བའི་སྤྲང་པོ་ཧ་ཅང་མང་བས། ཉིན་ཡོལ་ཞིག་ལ་སྤྲང་པོ་དབྱུག་པ་ཅན་གསུམ་ངེད་ཚང་གི་ནོར་ལྷས་བརྒྱུད་དེ་ཡོང་སྐབས། ཨོབ་ཐར་གང་ནས་ཤོར་བ་མ་ཤེས་པར། སྤྲང་པོ་དེ་དག་གི་སྟེང་དུ་ཤོར། སྤྲང་པོ་དེ་དག་ཀྱང་དབྱུག་རྩལ་ལ་ཧ་ཅང་བྱང་ཆ་ལྡན་པ་འདྲ་སྟེ། ཕར་འགྲོ་གྲབས་མི་བྱེད་པར་ཨོབ་ཐར་ལ་དབྱུག་པས་གཞུས། ཨོབ་ཐར་གྱི་དཔའ་ངར་ནི་དབྱུག་པ་འགས་འདུལ་ནུས་པ་ཞིག་ག་ལ་ཡིན། ཨོབ་ཐར་མུ་ནས་འཐབ་འཛིང་དེར་དགའ་མོས་ཞེ་དྲག་ཡོད་པ་འདྲ་བས། སྤྲང་པོ་དེ་དག་གིས་སྐད་ཤུགས་ཆེན་པོས་བོས་བྱུང་། ཨ་མ་བརྒྱུགས་ཏེ། འ་རོ། ཨོར་ཐར་ཞེས་སྐད་གདངས་ལྷོད་པོའི་ངང་བཤད་པས། ཨོར་ཐར་ཁ་རོག་གེར་བསྡད་བྱུང་། གལ་ཏེ་ཨ་མ་བརྒྱུགས་པ་མིན་ན། སྤྲང་པོ་དེ་དག་གིས་ཕམ་ཁ་ཆེན་པོ་ཞིག་ཉོས་ཡོད་ངེས་རེད།
ཉིན་ཞིག་གི་ཞོགས་པར། ཁྱིམ་མཚེས་ཚང་གི་གཡག་རྒོད་རྭ་རྩེ་རྣོ་བ་ཞིག་གིས། འདོགས་ཐག་ལ་བཏགས་ཡོད་པའི་ཨོབ་ཐར་རྭ་རྩེར་བསྣུན་ཏེ་བསད་འདུག དུས་དེར་ཕ་མ་གཉིས་ཡིད་སེམས་རབ་ཏུ་གདུང་ཡང་། ད་ནི་ཐབས་བཀོད་མི་འདུག་པས། དགོན་པར་བསྔོ་སྨོན་སོགས་ཞུས་ཏེ་དྲིན་གཟོས་པའི་ཁུལ་ཙམ་བྱས། ཉིན་དེ་ནས་བཟུང་ཨོབ་ཐར་གྱི་གཟུགས་བྱད་དང་ཟུག་སྐད། མདོར་ན་ཁོའི་དགའ་སྐྱོ་ཆགས་སྡང་གི་སྣང་བརྙན་མཐའ་དག། བརྩེ་དུང་དང་ཕངས་སེམས་དང་བཅས་འབྲོག་ཁྱིམ་འདིའི་སྒོ་ཕྱི་ནང་བར་ནས་གར་སོང་ཆ་མེད་དུ་གྱུར།
རྩོམ་གསར། 10