རང་རྒྱལ་འདི་ཉིད་མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་བཞིན་ཡོད།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-04-25

ཟླ་4ཚེས་24ཉིན་ནི“ཀྲུང་གོའི་མཁའ་སྐྱོད་ཉིན་མོ”ཐེངས་བརྒྱད་པ་དེ་རེད། 2016ལོའི་ཟླ་4ཚེས་24ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་མཁའ་སྐྱོད་ཉིན་མོ”ཐེངས་དང་པོར་མཛུབ་སྟོན་གལ་ཆེན་གནང་ནས། མུ་མཐའ་མེད་པའི་འཇིག་རྟེན་ཁམས་འཚོལ་ཞིབ་དང་། མཁའ་སྐྱོད་བྱ་གཞག་འཕེལ་རྒྱས་གཏོང་བ། མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བཅས་བྱ་རྒྱུ་ནི་ང་ཚོས་འབད་བརྩོན་ལྷོད་མེད་ངང་དོན་གཉེར་བྱེད་པའི་མཁའ་སྐྱོད་ཀྱི་ཕུགས་འདུན་རེད་ཅེས་གསུངས་གནང་ཡོད།

མཁའ་སྐྱོད་ཀྱི་ཕུགས་འདུན་ནི་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུགས་འདུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་མཁའ་སྐྱོད་ཀྱིས་རང་བརྟེན་གསར་གཏོད་མཐའ་འཁྱོངས་དང་། འགག་རྩའི་ལྟེ་བའི་ལག་རྩལ་རྒྱུན་ཆད་མེད་པར་ཚད་བརྒལ་ཡོང་བ་བྱེད་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་ཧུར་ཐག་ཐུབ་པ་བཅས་བྱས་ཏེ། མི་བཞུགས་མཁའ་སྐྱོད་དང་། ཟླ་བའི་གོ་ལའི་ཐོག་གི་འཚོལ་ཞིབ། སྐར་མ་མིག་དམར་ཐོག་གི་འཚོལ་ཞིབ་སོགས་མཚོན་བྱེད་དུ་བྱས་པའི་ལས་གཞི་གལ་ཆེན་ལ་གྲུབ་འབྲས་གཅིག་རྗེས་གཉིས་མཐུད་ཐོབ་པ་བྱས་ཡོད་ཅིང་། རང་རྒྱལ་འདི་ཉིད་མཁའ་སྐྱོད་ཀྱི་རྒྱལ་ཁབ་ཆེན་པོ་ནས་མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་སུ་མགྱོགས་མྱུར་འཕེལ་རྒྱས་གཏོང་བཞིན་ཡོད་པ་རེད།

ཟླ་4ཚེས་15ཉིན། ལྷ་གྲུ་བཅོ་ལྔ་པ་རྟགས་ཅན་གྱི་མཁའ་སྐྱོད་པའི་ཚོགས་ཆུང་གིས་གྲུ་ཚང་ནས་ཕྱིར་བུད་པའི་བྱེད་སྒོ་ཐེངས་བཞི་པ་སྤེལ་བ་དང་། གྲུ་ཚང་ནས་ཐོན་པའི་མཁའ་སྐྱོད་པ་ཧྥེ་ཅུན་ལུང་དང་ཀྲང་ལུའུ་གཉིས་པོས་སྔོན་གཏན་འཁེལ་བའི་ལས་དོན་ཚང་མ་ལེགས་སྒྲུབ་བྱས་པ་རེད། གྲུ་ཚང་ནས་ཕྱིར་བུད་པའི་བྱ་འགུལ་ཐེངས་བཞི་སྤེལ་བ་དེས་ཀྲུང་གོའི་མཁའ་སྐྱོད་པའི་ཚོགས་ཆུང་རྐྱང་པ་གྲུ་ཚང་ནས་ཕྱིར་བུད་པའི་བྱེད་སྒོའི་ཟིན་ཐོ་གསར་པ་བཏོད་ཡོད།

བར་སྣང་ས་ཚིགས་བསྐྲུན་པ་དང་རྒྱལ་ཁབ་ཀྱི་བར་སྣང་ཚོད་ལྟ་ཁང་བསྐྲུན་པ་ནི་རང་རྒྱལ་གྱི་མི་བཞུགས་མཁའ་སྐྱོད་ལས་གཞིའི“གོམ་སྟབས་གསུམ”གྱི་འཐབ་ཇུས་མངོན་འགྱུར་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་དང་། ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་དང་མཁའ་སྐྱོད་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པའི་སྣེ་ཁྲིད་རང་བཞིན་གྱི་ལས་གཞི་གལ་ཆེན་ཞིག་རེད།

2016ལོའི་ཟླ་12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐན་ཀུང་གཉིས་པ་རྟགས་ཅན་དང་ལྷ་གྲུ་བཅུ་གཅིག་པ་རྟགས་ཅན་གྱི་མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་མཁན་མཁའ་སྐྱོད་པ་དང་དེ་བཞིན་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་སྐབས། གསར་གཏོད་ཟམ་མི་ཆད་པར་བྱས་ཚེ། ཀྲུང་ཧྭ་མི་རིགས་གཞི་ནས་དེ་བས་ལེགས་པའི་སྒོ་ནས་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་ཐུབ་ཅེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས། མཁའ་སྐྱོད་ཚན་རྩལ་ནི་ཚན་རྩལ་ཡར་ཐོན་དང་གསར་གཏོད་ཀྱི་ཁྱབ་ཁོངས་གལ་ཆེན་ཞིག་དང་། མཁའ་སྐྱོད་ཚན་རྩལ་གྱི་གྲུབ་འབྲས་ནི་རྒྱལ་ཁབ་ཀྱི་ཚན་རྩལ་ཆུ་ཚད་དང་ཚན་རྩལ་ནུས་པའི་མཚོན་རྟགས་གལ་ཆེན་ཞིག་རེད། མཁའ་སྐྱོད་ཚན་རྩལ་ལ་ཐོབ་པའི་གསར་གཏོད་གྲུབ་འབྲས་ཀྱིས་ཀྲུང་གོའི་མི་དམངས་ཀྱི་གསར་གཏོད་དད་སེམས་དང་སེམས་ཤུགས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསར་སྐྲུན་ལ་སྐུལ་མ་ཆེན་པོ་ཐེབས་ཡོད་ཅེས་གསུངས་གནང་ཡོད།

ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་ནི་མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ལམ་བུ་ཉག་ཅིག་དེ་ཡིན། མགྱོགས་མྱུར་འབྲེལ་མཐུད་དང་བར་སྣང་ས་ཚིགས་སྒྲིག་སྦྱོར་འཛུགས་སྐྲུན་སོགས་འགག་རྩའི་ལྟེ་བའི་ལག་རྩལ་གལ་ཆེན་10ལྷག་ཙམ་འགག་སྒྲོལ་བྱས་པ་ནས་འཕུར་སྐྱོད་ཡོ་ཆས་8དང་མེ་ཤུགས་འཕུར་མདའ་3ཞིབ་བཟོ་བྱས་པའི་བར། སྒྲིག་ཆས་དང་ལྷུ་ལག་གཙོ་བོ་རྒྱལ་ཐོན་ཅན་དུ་གྱུར་ཚད་100%ཟིན་པ་དང་། དེ་རྗེས་ཀྲུང་གོའི་བར་སྣང་ས་ཚིགས་ཁྱོན་ཡོངས་ནས་བསྐྲུན་ཟིན་པའི་བར། རང་རྒྱལ་གྱི་མི་བཞུགས་མཁའ་སྐྱོད་ལས་གཞིའི་འཕེལ་རྒྱས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་ཚུགས་རང་འབད་དང་རང་བརྟེན་གསར་གཏོད་མཐའ་འཁྱོངས་བྱས་ཡོད།

ད་ཆ། མི་བཞུགས་མཁའ་སྐྱོད་ལས་གཞི་དེ་ཁྱོན་ཡོངས་ནས་བར་སྣང་ས་ཚིགས་བཀོལ་སྤྱོད་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། མཁའ་སྐྱོད་ཚན་རྩལ་ཚོགས་པའི་ཚན་རིག་ཁང་ལྔ་པའི་བར་སྣང་ས་ཚིགས་མ་ལག་གི་སྤྱི་ཁྱབ་ཇུས་འགོད་པ་དབྱང་ཧུང་གིས། བར་སྣང་ས་ཚིགས་དུས་ཡུན་རིང་པོ་འཁོར་ལམ་ཐོག་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། གཞི་ཁྱོན་ཆེ་བའི་བར་སྣང་ཚན་རིག་ཚོད་ལྟ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། རང་རྒྱལ་གྱི་བར་སྣང་ས་ཚིགས་འཁོར་རྒྱུག་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད།

མི་བཞུགས་མཁའ་སྐྱོད་ཀྱི་རྒྱལ་ཁའི་གཏམ་བཟང་ཡང་ཡང་གྲགས་པ་དང་ཆབས་ཅིག རང་རྒྱལ་གྱི་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་ལས་གཞིས་ཀྱང“ཟླ་བའི་གོ་ལར་བསྐོར་བ་དང་། ཟླ་བའི་གོ་ལའི་ཐོག་བབས་པ། སའི་གོ་ལར་ཕྱིར་ལོག་པ”བཅས་གོམ་སྟབས་གསུམ་གྱི་འཐབ་ཇུས་འཆར་འགོད་དུས་བཀག་ལྟར་ལེགས་སྒྲུབ་བྱས་ཡོད། ད་ལོ་རང་རྒྱལ་གྱིས་ཟླ་དཔྱད་ལས་གཞིའི་དུས་མཚམས་བཞི་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། འཆར་འགོད་དེའི་ནང་ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་དང་། བདུན་པ་རྟགས་ཅན། བརྒྱད་པ་རྟགས་ཅན་བཅས་ཀྱི་ལས་འགན་ཚུད་ཡོད་པ་རེད། ཀྲུང་གོའི་ཟླ་དཔྱད་ལས་གཞིའི་སྤྱི་ཁྱབ་ཇུས་འགོད་པ་ཝུའུ་ཝུའེ་རེན་གྱིས། ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་གྱིས་ཟླ་བའི་གོ་ལའི་རྒྱབ་ངོས་ནས་དངོས་དཔེ་འཚོལ་བསྡུ་བྱ་རྩིས་ཡོད། གལ་ཏེ་ལེགས་གྲུབ་བྱུང་ན། འདི་ཡང་མིའི་རིགས་ཀྱིས་ཟླ་བའི་གོ་ལའི་རྒྱབ་ངོས་ནས་མ་དཔེ་བླངས་ཏེ་ཕྱིར་ཡོང་ཐེངས་དང་པོར་འགྱུར་རྒྱུ་ཡིན་ཞིང་། རྒྱལ་སྤྱིའི་སྟེང་གི་སྟོང་ཆ་ཁ་སྐོང་བྱ་རྒྱུ་རེད། མིག་སྔར་ང་ཚོའི་འཕེལ་རིམ་ད་དུང་བདེ་བླག་ཡིན་ཞིང་། ནུས་ཤུགས་ཡོད་རྒུ་འདོན་བཞིན་ཡོད་པས་སེམས་ཤུགས་ཧ་ཅང་ཆེན་པོ་ཡོད་ཅེས་གསུངས་ཡོད།

གནམ་འདྲི་དང་པོ་རྟགས་ཅན་གྱི་ལས་འགན་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐབས་ཇུས་བཀོད་ནས་ལག་བསྟར་བྱེད་པའི་རང་རྒྱལ་གྱི་རྒྱུ་སྐར་འཚོལ་ཞིབ་ལས་གཞི་ཐོག་མ་དེ་རེད། གནམ་འདྲི་དང་པོ་རྟགས་ཅན་གྱིས་ལས་འགན་གཅིག་ལ་བརྟེན་ནས་སྐར་མ་མིག་དམར་ལ་བསྐོར་བ་རྒྱག་པ་དང་། ས་ཐོག་ཏུ་འབབ་པ། བསྐོར་ཞིབ་བྱེད་པ་བཅས་ཀྱི་དམིགས་ཚད་ཆེན་པོ་གསུམ་ཐོག་མར་ལེགས་སྒྲུབ་བྱས་ཡོད་པ་དང་། དེའི་ཐོག་ནས་རང་རྒྱལ་འདི་ཉིད་རྒྱུ་སྐར་འཚོལ་ཞིབ་ཐིག་ལེན་ཁྱབ་ཁོངས་སུ་འཛམ་གླིང་གི་སྔོན་ཐོན་གྲས་སུ་སླེབས་པ་མཚོན་ཡོད། ཀྲུང་གོའི་སྐར་མ་མིག་དམར་འཚོལ་ཞིབ་ལས་འགན་ཐེངས་དང་པོའི་ལས་གྲྭའི་སྤྱི་ཁྱབ་ཇུས་འགོད་པ་ཀྲང་རུང་ཆའོ་ཡིས། ང་ཚོས་མུ་མཐུད་མདུན་ཕྱོགས་སུ་བསྐྱོད་དེ་སྐར་མཚམས་འཚོལ་ཞིབ་བྱེད་པའི་མཐོ་ཚད་གསར་པ་མུ་མཐུད་གཏོད་དགོས། གནམ་འདྲི་གཉིས་པ་རྟགས་ཅན་གྱིས་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་མིག་སྔར་ཐོག་མའི་མ་དཔེ་ཞིབ་བཟོའི་དུས་རིམ་གྱི་ལས་དོན་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱས་ཡོད་ཅེས་གསུངས་ཡོད།

འཇིག་རྟེན་ཁམས་སུ་རྒྱུ་སྐར་བགྲང་ལས་འདས། འཚོལ་ཞིབ་ལས་ལ་ནམ་ཡང་རྫོགས་མཐའ་མེད། ཀྲུང་གོའི་མཁའ་སྐྱོད་ཀྱིས་མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཕྱོགས་ཡོངས་ནས་བཏོད་ཡོད། རྒྱལ་ཁབ་མཁའ་སྐྱོད་ཅུས་མ་ལག་ལས་གཞི་སིའི་སི་ཀྲང་གཞོན་པ་ལུའི་པོ་ཡིས། ཀྲུང་གོའི་མཁའ་སྐྱོད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཐོག མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་བསྐྲུན་ནས། བར་སྣང་ཚན་རིག་དང་། བར་སྣང་ལག་རྩལ། བར་སྣང་བཀོལ་སྤྱོད་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། འཇིག་རྟེན་གྱི་གསང་བ་འཚོལ་ཞིབ་དང་སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་ས
  • ལེ་ཚན་རྗེས་མ།:སྐབས་133པའི་ཀོང་ཀྲོའུ་ཚོང་འདུས་ཀྱི་དུས་ཐེངས་གཉིས་པ་འཚོགས་པ་དང་། ཚོང་འདུས་ཀྱི་གཞི་ཁྱོན་སྔར་བས་རྒྱ་ཆེར་ཕྱིན་པ།
  • དོ་སྣང་ཆེ་བའི་རྩོམ།