རྣམ་ཀུན་དཔེ་ཀློག་ལ་གོམས་པར་བྱ།

སྒོ་སྤྲེལ་ངེས་དོན།        2023-04-26

མཐོ་དམན་སྐྱ་སེར་སུ་དང་གང་ཡིན་ཡང་།།

བསགས་པའི་ལས་འདིའི་རྒྱལ་ཁམས་མཐོང་བའི་མིག།

གསུངས་རབ་རིན་ཆེན་གསེར་གྱི་སྒྲོན་མེ་གང་།།

དཔེ་ཀློག་བྱ་བ་འདི་ལས་མ་འདས་སོ།།

ཚེ་ཡི་ཚད་ནི་ཅི་ཙམ་མི་ཤེས་པས།།

དུས་རྒྱུན་དཔེ་འཛིན་སྐྱོར་སྦྱོང་གནང་བ་ཡིས།།

རང་གི་མདུན་ལམ་རང་ལ་གསལ་མ་ཟད།།

གཞན་ལ་ཕན་པའི་འབྲས་བུ་ཅིས་ཀྱང་འགྲུབ།།

གོམས་པར་གྱུར་ན་མི་འགྲུབ་གནས་མེད་ལྟར།།

དཔེ་ཀློག་བྱ་བ་འདི་ལ་གོམས་པར་བགྱི།།

འཇིག་རྟེན་ལྟད་མོ་མཐོང་བའི་ལམ་གཅིག་པུ།།

འདི་ལས་གཞན་ན་ཡོད་ཀྱང་གཅིག་ཆོག་འདི།།

སྔོན་བྱོན་དམ་པ་མཇལ་བར་འདོད་པ་དང་།།

འཛམ་གླིང་ཕྱི་ནང་རིག་པས་གཞལ་འདོད་ན།།

དཔེ་ཀློག་ཐོས་པ་རྒྱ་ཆེར་མཛོད་དང་ཀྱེ།།

གཅིག་གོ་བརྒྱ་ཆོད་ལྟ་བུ་ཡོང་བར་ངེས།།

དཔེ་དེབ་ལག་ཏུ་འཆང་བ་ཙམ་ལས་མི་ཕན་པས།།

དཔྱོད་ཤེས་དག་པའི་ལེགས་ཉེས་འབྱེད་པའི་བློས།།

འདོར་ལེན་ཐབས་མཁས་ཤེས་བྱའི་ཉིང་བཅུད་དག།

ཧུབ་ཀྱིས་བཏུང་བར་ཆོག་ཤེས་མཛད་མི་རིགས།།

སྣ་ཚོགས་ཤེས་བྱའི་རོལ་རྩེད་གར་གྱི་མདངས།།

དཔེ་དེབ་ཁྲོད་ནས་ཅི་དགར་ལོངས་སྤྱོད་དང་།།

ཁྱོད་ལ་ཤེས་པའི་མེ་ཏོག་གང་དེ་ཡིས།།

དངོས་གྲུབ་བདུད་རྩིའི་འབབ་རྒྱུན་ཆད་མི་སྲིད།།

རང་གཞན་ཐམས་ཅད་ཡར་རྒྱས་ཡོང་དགོས་ན།།

དཔེ་ཀློག་སྦྲང་རྩིའི་བཅུད་ལ་རོལ་བ་གལ།།

ཐབས་དང་འཆར་གཞི་ལེགས་པོ་གཞི་བྱས་ནས།།

སྐར་ཆ་རེ་རེ་དམ་དུ་འཛིན་པར་བྱ།།

མི་ཚེ་ཀློག་དང་ཐོས་པས་བསྐྱེད་གྱུར་ན།།

སྐྱེ་བ་ཕྱི་མར་ལའང་ཕན་པ་འབྱུང་།།

དེའི་ཕྱིར་རིག་པ་ཚེ་དང་བསྐལ་བའི་ཡུན།།

མི་འབྲལ་སྦྱང་བར་བྱ་ལ་གལ་འགངས་ཆེ།།

རིས་མེད་ཐོས་བརྩོན་མཛད་པ་ཤིན་ཏུ་གལ།།

ཅི་ཙམ་ཤེས་ན་དེ་ཙམ་སྦྱང་བར་རིགས།།

རང་གིས་གཞི་བྱས་གཞན་གྱིས་རྒྱན་སྤྲས་ན།།

ལེགས་ཚོགས་ཆར་གྱི་དངོས་གྲུབ་ཁྱེད་ལ་འཇོ།།

དཔེ་ཆ་ཉོས་དང་རིག་པ་ཡུན་དུ་སྦྱང་།།

དཔེ་ཁང་འཛུགས་དང་དཔེ་ཀློག་ཚད་མེད་བྱ།།

འདི་ཕྱི་གཉིས་ཀྱི་འགྲོ་ལམ་འདི་ལས་བསྒྲུབ།།

མི་ལུས་རིན་ཐང་འདི་ལས་ལོན་པར་བགྱི།།



  • ལེ་ཚན་སྔོན་མ།:སད་ཀྱིས་བཅོམ་པའི་མེ་ཏོག་ཅེས་པའི་བརྩམས་སྒྲུང་བཀླགས་རྗེས་ཀྱི་ཐོལ་བྲིས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།