ཁྱེད་ཅག་གི་ཚེ་སྲོག་དང་། སྐད་ཡིག་གི་ལང་ཚོ།

ངག་དབང་བཀྲ་ཤིས།        2023-05-12

སྐྱེ་འཆི་ནི་འཇིག་རྟེན་འདིའི་ཆོས་ཉིད་ཡིན་པ་དང་། སྐྱེ་བའི་མཐའ་མར་འཆི་བ། འཆི་བའི་མཐའ་མར་སྐྱེ་བ་ཡིན་པའི་བག་ཆགས་དང་འདུ་ཤེས་ནི་ང་ཚོ་འགྲོ་བ་མིའི་ཀླད་པའི་སྲུབས། སེམས་པའི་གཏིང་དུ་རྡོ་བརྐོས་ཀྱི་རི་མོ་བཞིན་བརྟན་ཞིང་བརླིང་པའི་གནས་སུ་གྱུར། གང་ཟག་སུ་དང་གང་ཞིག་ཡིན་རུང་འཇིག་རྟེན་དཀར་ངོགས་འདི་ནས་ཁ་བྲལ་དགོས་པ་དང་སྤྱིའི་ངོས་ནས་ཁྱིམ་མི་གཉེན་གྲོགས་ཀུན་ལ་སྡུག་ན་ཟུག་ཡོད་སྟངས་གཅིག་མཚུངས་ཡིན་མོད། བྱེ་བྲག་གི་ཆ་ནས་ཡུལ་སྡེ་དང་མི་རིགས་ལ་གྱོང་གུད་ཕོག་ཚད་ནི་ཁ་ཁ་རུ་གྱུར་པ་ནི། སོ་སོའི་མི་ཚེའི་རིན་ཐང་གིས་བཀྱེད་པའི་རླབས་ཆེན་དང་ཕལ་བའི་བར་ཐག་ཅིག་གོ ཨུ་རུ་སིའི་རྩོམ་རིག་གི་རྒྱལ་སྲས་ཆེན་མོ་ལེ་སི་ཐའེ་ལགས་ཀྱིས“མི་ཚེའི་རིན་ཐང་ནི་རིང་ཐུང་གིས་འཇལ་བ་མིན་ལ་ཟབ་ཚད་ཀྱིས་འཇལ་དགོས”ཞེས་གསུངས།

ཚད་དང་ལྡན་པའི་ཚེ་ཡི་ནང་། དམིགས་མེད་གཞན་ཕན་གྱི་ལས་དཀར་གཉེར་མཁན་དང་། ཡུལ་སྡེ་དང་མི་རིགས་འཕེལ་རྒྱས་ཀྱི་སྟོབས་ལ། ལང་ཚོ་དང་ཚེ་སྲོག་གི་མཆོད་པ་ཕུལ་ནས་ཡར་ཐོན་གྱི་ངར་ཤུགས་ཀྱི་རྩལ་སྣོན་མཁན་དག་གི་ལང་ཚོ་དང་ཚེ་སྲོག་ལ། རིན་ཐང་གི་ཚེ་སྲོག་དང་གཟི་བརྗིད་ཀྱི་ལང་ཚོའི་འོད་མདངས་གསར་པ་ཞིག་ཞུགས་ནས་ཚེ་སྲོག་གི་རྒྱུན་སྲིད་མཐའི་བར་དུ་བསྲིང་ཐུབ། དེ་ནི་ཁྱེད་ཀྱི་ཁེར་རྐྱང་གི་མི་ཚེའི་འོད་མདངས་ཤིག་དང་། ཁེར་རྐྱང་ནས་ཐོབ་ཅིང་ཁེར་རྐྱང་ལ་ཕུལ་བའི་རིན་ཐང་གི་བུ་ལོན་ཞིག་ཀྱང་འདྲ།

གཅན་མེ་སྟག་ཅེས་པའི་མི་རྒན་དེ་གོ་མྱོང་བ་ཙམ་ལས་ཁོང་གི་སྙན་ངག་བཀླགས་པའི་བག་ཆགས་ཅི་ཡང་མི་འདུག། དེ་ནི་མི་རྒན་དེའི་སྙན་ངག་མ་སྙན་པ་དང་། མཚན་སྙན་གྲགས་མེད་པས་ག་ལ་ཡིན། དེ་ནི་རང་ཉིད་སྙན་ངག་གི་དོན་སྙིང་བྲོ་གསུམ་ལ་རོལ་མྱོང་གི་ཚོར་རྟོགས་དམན་པས་སྙན་ངག་བཀླག་འདོད་ཀྱི་མོས་པ་ཆུང་སོང་བས་ཡིན། སྔོན་ཆད་གཅན་མེ་སྟག་ཅེས་གནམ་མགོ་ལོག་ས་མགོ་ལོག་གི་སློབ་གསོའི་དར་ཆ་དང་། རིག་གནས་པའི་དཔུང་སྡེའི་ཁྲོད་མཛུབ་མོའི་ནང་གི་མཐེ་བོང་ལྟ་བུ་ཞིག་ཡིན་པ་ལས་ཆེད་དུ་རྒྱུས་ལོན་དང་གསལ་ཆ་ཅི་ཡང་མེད། ཨ་མདོའི་བརྙན་འཕྲིན་ཁང་གིས་ཕབ་བསྐྲུན་བྱས་པའི་དངོས་ཟིན་གློག་བརྙན་ཕ་ཡུལ་ཞེས་པ་ལས་ཁོང་གི་གཟུགས་བྱད་ཀྱི་བག་ཆགས་ཐོག་མར་བཞག།

ཀུན་གྱི་མཐོང་ཐོས་ཀྱི་གཞིར་གྱུར་ཟིན་པ་དང། གླེང་བརྗོད་ཀྱི་ལྟེ་བར་གྱུར་པའི་མི་བུ་ཀུན་རླབས་ཆེན་དང་དམ་པ་ཡིན་པའི་ངེས་པ་མེད་ལ། གོ་རིག་བྲལ་བ་ཐམས་ཅད་ཀྱང་ཕལ་བ་རྐྱང་རྐྱང་ཡིན་པའི་ཚད་མས་མ་གྲུབ། མཚན་སྙན་དང་གོ་ས་སྤངས་ཤིང་། ཐོབ་དབང་དང་རྒྱུ་འབྱོར་ལ་མ་ཆགས་པར། རང་ཉིད་དཀའ་སྡུག་གི་རྔུལ་ཆུས་གཞན་ལ་བདེ་སྐྱིད་ཀྱི་འོད་སྣང་སྦྱིན་མཁན། ལྷག་བསམ་དྭངས་མ་ཞིག་གིས་ཕལ་བའི་བྱ་གཞག་ལས་ཤེས་རིག་གི་གཟི་འོད་སྦར་ནུས་མཁན་དང་། ལས་གནས་བརྟན་སྲུང་ངང་འཇོན་ནུས་ཡོད་རྒུ་རྩལ་སྤྲུགས་ནས་མི་རིགས་དང་མི་དམངས་ལ་ཞབས་ཞུའི་ལྷག་བསམ་དྭངས་མ་འབུལ་མཁན། འོས་འགན་ཕྲག་ཏུ་བླངས་ནས་ཧམ་སེམས་དང་ཁེ་སྤོགས་ཀྱི་དྲི་དང་ཡེ་ནས་བྲལ་ཞིང་། དེའི་འཕེལ་འགྲིབ་དང་ལེགས་ཞན་རང་གི་བདེ་སྡུག་ཏུ་སྒོམ་མཁན་དག་ནི། རླབས་ཆེན་དང་དམ་པའི་མཚོན་བྱ་རྣལ་མ་དེ་ཡིན་ལ། བླ་མེད་དང་སྐྱེས་ཆེན་གྱི་ཆོ་ལོ་འབུལ་ས་ཡང་དག་པ་དེའང་ཡིན།

གཅན་མེ་སྟག་ཅེས་པའི་མི་རྒན་དེའི་མི་ཚེ་ནི་ཁེར་རྐྱང་དང་ན་ཟུག་གིས་ཁེངས་པའི་མི་ཚེའི་བརྒྱུད་རིམ་ཞིག་ཡིན་པར་སྣང་། གཅན་མེ་སྟག་ཅེས་པའི་སྙན་ངག་པ་དེའི་མི་ཚེའི་བརྒྱུད་རིམ་ནི་གཟི་བརྗིད་དང་ཡིད་ཚིམ་གྱིས་མཇུག་བསྡུས་པའི་མི་ཚེའི་བརྒྱུད་རིམ་ཞིག་ཀྱང་ཡིན་པར་འདོད། ཁེར་རྐྱང་ནི་ཕལ་ཆེར་འཇིག་རྟེན་འདིའི་རླབས་ཆེན་གྱི་སྐྱེས་བུ་ཀུན་གྱི་ན་ཟུག་དང་གཟི་བརྗིད་ཅིག་ཡིན་པར་འདྲ། ཚན་རིག་པ་ཆེན་མོ་ཨེ་སི་ཐེན་དང་རྣོ་སྦྲེང་གི་རྒྱལ་སྲས་པེ་ཏོ་ཧྥུན་ལགས། ཨུ་རི་སིའི་རྩོམ་རིག་གི་རྒྱལ་སྲས་ཆེན་མོ་ལེ་སི་ཐའེ་སོགས་ནི་ཁེར་རྐྱང་གི་རྒྱལ་སྲས་རེ་རེའང་རེད། དེ་ནི་ཁོང་རྣམ་ཁེར་རྐྱང་ལ་མོས་གོམས་ཆེ་བས་མ་ཡིན་ལ། ཁེར་རྐྱང་གི་དམིགས་བསལ་གྱི་གཅེས་སྐྱོང་ཞིག་གོ། དེ་ནི་ཁེར་རྐྱང་གི་བསྐྱེད་པའི་གཟི་བརྗིད་ཅིག་དང་། དཀའ་སྡུག་གི་ལོ་ཟླར་ཐོབ་པའི་འབྲས་ལྡན་གྱི་དུས་བཟང་ཞིག་ཀྱང་ངོ་། །

ཁོང་གིས་སྙན་ངག་ཆུང་མ་དང་བུ་ཕྲུག་ཏུ་འཛིན་ནས་བདེ་སྡུག་གི་གཞི་མ་སྙན་ངག་ལ་བཅོལ་ཡོད། ཁོང་གིས་སྙན་ངག་སྨན་དང་གྲོགས་སུ་བསྒོམས་ནས་ན་ཟུག་དང་སྙིང་གཏམ་གྱི་མཆོད་པ་སྙན་ངག་ལ་བཤམས། “དཔེ་ཀློག་གི་ཁྲོད་དུ་ཡིད་འོང་མཛའ་མོ་ཡོད་ལ། དཔེ་ཀློག་གི་ཁྲོད་དུ་གསེར་གྱི་ཕོ་བྲང་ཡང་ཡོད”ཅེས་པ་ལྟར་ན་མི་རྒན་དེར་ཡིད་འོང་གི་མཛའ་མོ་གསེར་གྱི་ཕོ་བྲང་གོང་བ་ཞིག་མེད་ནམ་སྙམ། སྙན་ངག་ཁོ་ནས་ཁོང་གི་ཕ་ཡུལ་ལ་བཅངས་པའི་ཟོལ་མེད་ཀྱི་དུང་སེམས་དེ་མཚོན་ཐུབ། སྙན་ངག་ཁོ་ནས་ཁོང་གི་བྱང་ཁོག་སྟོད་ཀྱི་ལ་རྒྱའི་མཚོ་མོ་དགུང་དུ་འཕྱོར་དུ་བཅུག ཁོང་ལ་སྙན་ངག་ཅིག་གི་རྒྱལ་རྒྱུད་འཛིན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡོད་ལ། སྙན་ངག་ཅིག་གི་བུ་ཚ་སྐྱོང་བའི་རེ་སྙེགས་ཀྱང་ཡོད་སྲིད།

གནམ་མགོ་ལོག་ས་མགོ་ལོག་ཅེས་པའི་ཁྲ་མོ་གླིང་གི་ཕ་ས་དེ་ནས་ལོ་ཟླ་ཁེར་རྐྱང་གིས་བསྐྱལ་ཏེ་སྐད་ཡིག་སློབ་གསོའི་མེ་ཁ་གསོས་ནས་འབྱུང་འགྱུར་རེ་སྨོན་གྱིས་ཕྱུག་མྱོང་ལ། དྲག་ཆར་དང་བུ་ཡུག་རྒོད་པའི་མཚན་ལམ་རིང་མོར་གཉིད་ཀྱི་བདེ་སྣང་ཙམ་ཡང་སེམས་ཁྲལ་དང་སྔངས་སྐྲག་གིས་བཅོམ་མྱོང་སྲིད། ཁོང་དང་ཁོང་ལྟ་བུའི་སྐྱེས་བུ་འགས་ཀྱང་གནམ་མགོ་ལོག་ས་མགོ་ལོག་ལྟ་བུའི་བོད་ཁམས་ཀྱི་ཡུལ་སྡེ་རེ་ནས་འདུ་ཤེས་ཀྱི་བཙན་རྫོང་བསྲུངས་ཏེ། སྐད་ཡིག་གི་སྲུང་མར་སྤྲུལ་ཡོད། ཆེས་ཉག་ཕྲ་བའི་མཐའ་མཇུག་གི་དབུགས་ཀྱི་འབྱིན་རྔུབ་དང་། ཆེས་ཉག་ཕྲ་བའི་མཐའ་མཇུག་གི་མེ་སྟག་དེ་སེམས་ཀྱིས་བསྐྱངས་ཤིང་སྲོག་གིས་བསྲུངས་ཡོད། ཁོང་གིས་ལུས་ཤུགས་ཀྱི་སྟོབས་དང་རྣམ་དཔྱོད་ཀྱི་འཕྲུལ། བློ་གྲོས་ཀྱི་རྩལ་ཡོད་དགུ་བསྟན་ནས་སྐད་ཡིག་སློབ་གསོ་མི་ཉམས་གོང་འཕེལ་ཡོང་བར་སྲོག་གི་རྒྱུ་བ་གསར་པ་སྣོན་པར་འབད་འབུངས་བྱས་ཡོད་ངེས། དེ་ནི་ཁོང་གིས་ཕ་ས་ཕ་ཡུལ་ལ་ཕུལ་བའི་ལེགས་སྐྱེས་ཀྱི་དྭངས་མ་དང་སྦྲང་དཀར་རྩམ་པའི་རྩམ་དྲིན་ཡིན། དེ་ནི་ཁོང་གིས་སྙན་ངག་པ་ཡི་ལྡོག་མེད་ཀྱི་འོས་འགན་ཞིག་ཏུ་འཛིན་ཡོད། ཕ་ཡུལ་ཞེས་པའི་རུ་སྡེའི་དཔུང་ཚོགས་ཤིག་གིས་མི་རིགས་ཞེས་པའི་རྒྱལ་ཁམས་ཤིག་གྲུབ་པས་ཕ་ས་ཕ་ཡུལ་ལ་མཛད་རྗེས་ཡོད་གྱུར་ན་མི་རིགས་ལ་མཛད་རྗེས་ཡོད་ཤ་སྟག་རེད།

སྐར་མ་གཅིག་གིས་ནམ་འཕང་གསལ་མི་ནུས་ལ། མེ་ཏོག་གཅིག་གིས་ཀྱང་དཔྱིད་དཔལ་བསུ་ཐབས་བྲལ། གཅན་མེ་སྟག་ཅེས་པའི་མི་རྒན་དེ་དང་དེ་འདྲ་བའི་སྐྱེས་བུ་མང་པོ་ཞིག་གིས་མི་ཚེ་སློབ་གསོ་དང་གཞན་ཕན་ལ་བཏང་ནས། ཕ་ས་ཕ་ཡུལ་གྱི་འཕེལ་རྒྱས་དང་སྐད་ཡིག་སློབ་གསོ་མི་ཉམས་གོང་འཕེལ་གཏོང་ཆེད་རང་ལུས་ས་སྨྱུག་ཏུ་བསྒྱུར་ནས། རང་སྲོག་ས་བོན་དུ་བསྒོམས་ནས་ཁེར་རྐྱང་གི་ལོ་ཟླ་རིང་མོ་ཞིག་བསྐྱལ་བའི་དཀའ་སྡུག་གི་ལོ་རྒྱུས་རེ་རེ་ཡོད་སྲིད་པ་རེད། ཁོང་རྣམས་ཀྱི་དཀའ་སྡུག་གི་ལོ་ཟླ་དེས་མི་རིགས་ལ་གཟི་བརྗིད་དང་འོད་སྟོང་འབར་དུ་བཅུག་ཡོད་ལ། ཁོང་རྣམས་ཀྱི་ཚེ་སྲོག་གི་རྒྱུན་དེ་སྐད་ཡིག་གི་ལང་ཚོ་རྒྱས་པའི་རྒྱུ་རུའང་གྱུར་ཡོད། སྐད་ཡིག་ལ་ང་ཚོའི་དཔལ་རྒྱས་པའི་དུས་གླགས་ལྡན་གྱུར་ན། མི་རིགས་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་ལ་འོད་སྟོང་འབར་ངེས་པ་ནི་ལྡོག་མེད་ཀྱི་ལོ་ཟླའི་འཁོར་ཕྱོགས་ཤིག་གོ །

  • ལེ་ཚན་སྔོན་མ།:ཆང་རྐྱལ་འབབ་ཁོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།