ཆང་རྐྱལ་འབབ་ཁོ།

ཆོས་འབྱོར་རྒྱ་མཚོ།        2023-05-05

ཚ་ལམ་ལམ་གྱི་ཐབ་ཀའི་རྩིབ་ན་རྒྱབ་ཀ་བ་ལ་ཁེན་ནས། བརླ་གཡས་པའི་སྟེང་དུ་རྐང་པ་གཡོན་པ་བླངས་ནས། ཆང་འཐུང་བཞིན་ཡོད་པ་དེ་འབབ་ཁོ་རེད། དུས་ཡུན་ཐུང་ཐུང་ཞིག་གི་ནང་ལ་ཆང་བཏུང་རྒྱུ་མང་དྲགས་པས་ཆང་ཟད་སོང་། འབབ་ཁོས་ད་དུང་ཆང་འགའ་ཡོད་ན་སྙམ་གྱིན་འདུག། ལག་པའི་མཛུབ་མོས་རྐང་པའི་མཛུབ་མོའི་བར་དུ་བྱིལ་བྱིལ་བྱས་ནས་མཛུབ་མོ་རང་གི་ཁ་ནང་དུ་བླངས་བྱུང་། ཆང་བཏུང་ཡོད་པའི་དབང་གིས།ཚིལ་བུ་ཤིག་རོ་འདྲ་བ་ཞིག་མཛུབ་མོའི་བར་དུ་བཅུར་ནས་ཐེ་ཚོམ་དང་བཙོག་སྣང་མེད་པར་ཁྱུར་མིད་བྱས་ཏེ། ཆང་་ཆང་་ཆང་། གློ་བར་དུ་ཟ་འཕྲུག་ཅིག་ཁོའི་ལུས་སྟེང་དུ་ཐོན། ཟ་འཕྲུག་དེ་ལས་ཁོའི་ལྭ་བ་ཕུད་ནས་འཕྲུག་འདོད་ཀྱི་དབང་དུ་ཤོར་ནས་སྒོར་སྟོང་བརྒྱད་ཅན་གྱི་ཕྲུག་གི་ལྭ་བའི་ཐུ་ཕུང་དམར་ལམ་ལམ་གྱི་ཐབ་ཀའི་ལྟོ་ལ་ཐུག་ནས་བསྲེགས་སོང་། མེ་ཡི་ཚིག་པའི་དྲི་མ་དེ་ཁོའི་སྣ་ལམ་དུ་ཐོན་མ་ཐག སེམས་སུ་དངངས་འཚབ་ལངས་ཏེ་ཅི་ཞིག་བྱུང་ལ་སེམས་ཁྲལ་བྱུང་། དགོང་མོ་དེར་ཁོ་ཆང་གིས་བཟི་ཡོད་པ་དང་རྐོང་བུའི་འོད་ལས་ཅི་ཞིག་བྱུང་ཡོད་པ་གསལ་པོ་མཐོང་མ་སོང་། གཉིད་ལས་སད་མ་ཐག། དེ་རིང་། སྡེ་བ་འདིའི་རྟ་རྒྱུག་གི་སྟ་གོན་བྱེད་ཀྱིན་འདུག།

འབབ་ལོའི་སྒོར་སྟོང་བརྒྱད་ཅན་གྱི་ཕྲུག་ལྭ་དེ་གྱོན་ཀྱིན་འདུག།

མདང་ནུབ་ཕུ་ཐུང་མེ་ཡིས་བསྲེགས་སོང་བ་དང་མི་ཡིས་བསྲེགས་པ་ཁོའི་དངོས་གནས་ཤེས་ཀྱིན་མི་འདུག སྒོ་ཁ་རུ་གཡང་ལུག་བཞི་བཅུ་ལ་བརྗེས་པའི་རྟ་མཆོག་ཁུ་ཡུག་དེ་ཁྲིད་ནས་རྟ་རྒྱུག་ར་བ་རུ་སོང་།

འབབ་ཁོའི་རྟ་མཆོག་ཁུ་ཡུག་གིས་རྟ་རྒྱུག་གི་ཐོག་ནས་ཨང་དང་པོ་ལེན་པར་མི་མང་གི་ཡིད་ཆེས་ཐོབ་འདུག།

རྟ་རྒྱུག་ར་བའི་ཕྱི་རོལ་ན་ལྟད་མོ་ཡོང་བའི་བྱིས་པ་ཆུང་ཆུང་ཞིག་གིས་འབབ་ཁོ་ལ “ཨ་ཁུ། ཁྱེད་ཀྱི་ཕུ་ཐུང་མེས་ཚིག་འདུག”ཅེས་བཤད་པ་ལ།

འབབ་ཁོས་དེ་མ་ཐག་རང་གི་ཕུ་ཐུང་ལ་བལྟས་པ་ན་དངོས་གནས་རང་གི་ཕུ་ཐུང་ཚིག་ནས་ལྟ་སོ་མེད་པ་ཞིག་རེད་འདུག།

“ ཧ་་་་ཧ་་་ཧ། རང་གི་ཐུ་ཕུང་ཚིག་ནོ་རིག་གི་མི་འདུག ཧ་་ཧ་་ཧ།” འབབ་ཁོ་རྟ་རྩལ་ར་བ་ལས་བུད་དེ་ཕྱིར་ཁྱིམ་དུ་ལོག་བྱུང་། མི་མང་དེ་ཚོའི་ང་ལ་མཐོང་ཆུང་བྱས་སོང་ཟེར་ནས་རང་གི་ཁང་པའི་སྒོ་ལ་རྡོག་ཐོ་བཞུས། ཁ་ཆུ་ས་ལ་བཏབ་སྟེ། དམྱལ་བ་བོ་་་་

ཁྱིམ་མཚེས་ཚང་གི་བུ་མོས་ར་ཁ་ནས་ལྟ་འདུག།

“ཅི་ལྟ་རྒྱུ་ཡོད་ཁི།” བུ་མོ་འབབ་ཁོའི་སྡིག་དམོད་ལ་སྐྲག་ནས་ར་ཐོག་ནས་ཐང་ལ་ལྷུང་སོང་། ད་སྔོན་གཞི་ནས་མཐོང་མ་མྱོང་བའི་གསར་བུ་རྐྱལ་སྟོང་འགའ་འབབ་ཁོའི་སྒོ་རུ་ཐོན་ནས། “རྟ་མཆོག་ཁུ་ཡུག་བཙོང་ངམ་རིན་གོང་གི་ཐོག་ནས་སྐྲག་མི་དགོས།”ཞེས་བཤད།

“ཁྲི་ལྔ་བཅུ། གཏམས་མ་ཡོང་།” འབབ་ཁོས་ཚོང་བརྒྱབ་ན་རང་གི་སེམས་དང་མཐུན་དགོས་དེ་མིན་ཚོང་གཞི་ནས་མི་འགྲིག། ཉིན་འགའ་ཡི་སྔོན་འབབ་ཁོས་རྫོང་སྲིད་གཞུང་གི་གཡས་ཟུར་ནས་མཆིལ་ལྷམ་ཞིག་ཉོས་པ་ལ་ཚོང་དཔོན་དེའི་སྒོར་བརྒྱ་ཁྲིག་ཁྲིག་དགོས་ཕབ་རྒྱུ་མེད་ཅེས་བཤད་མོད། འབབ་ཁོས་སྒོར་ལྔ་བཅུ་བྱིན་ནས་ཚོང་བདག་དེའི་ལག་ནས་མཆིལ་ལྷམ་དེ་ཉོས་པ་རེད། དང་ཐོག་ཚོང་བ་དེའི་དེ་ཙམ་གོང་བདེ་མི་བྱ་མོད། འབབ་ཁོ་ཁོའི་ཚོང་ཁང་གི་སྒོ་ནས་ཡུན་རིང་བསྡད་པས་ཁོས་གོང་དེ་འདྲ་མི་བྱ་ཀ་མེད་བྱུང་། ད་ཐང་ཡང་དེ་ལྟར་གཏམས་མི་ཆོག་པའི་གོང་ཞིག་བཤད་པས་ཉོ་མཁན་དག་གི་བསམ་དོན་མ་འགྲུབ། འབབ་ཁོ་ཆུང་དུས་རྫོང་མི་རིགས་སློབ་ཆུང་དུ་བསྡད་ནས་སློབ་ཆུང་མཐར་ཕྱིན་ཏེ། སློབ་འབྲིང་མ་བཏོན་པར་ཕྱུགས་འཚོ་བའི་ལས་ཀ་ལ་ཞུགས་སོང་། དེ་ཡང་འབབ་ཁོའི་ཨ་ཕའི་བཀའ་ཡིན། འབབ་ཁོ་ལ་སློབ་གྲོགས་དྲུག་ཡོད་ལ་དེ་དག་གི་ཆང་དང་དུད་པ་འཐེན་ལ། འབབ་ཁོའི་ཆང་འཐུང་སོ་འདི་ཡང་དེ་ཚོའི་དྲུང་ནས་བསླབས་པ་རེད། འབབ་ཁོས་ཨ་ཕ་སྡེ་བ་འདིའི་རྒྱུ་ཆེན་ཚོའི་གྲས་སུ་ཡོད་ལ། འབབ་ཁོའི་རང་ནི་འཇིག་རྟེན་ཐོག་གི་ཧ་ཅང་འབྱོར་ཕྱུག་ཕུན་ཚོགས་པའི་མི་བུ་རླབས་ཆེན་ཞིག་ཡིན་སྙམ་ཏེ། སེམས་པ་གངས་རིའི་རྩེ་རུ་འཁོར་ཀྱིན་སྡེ་འདིའི་ཕར་འགྲོ་ཚུར་འོང་བྱ་སའི་ཟམ་ཐོག་དེ་ནས་ལག་པ་གཉིས་ཀ་དོར་མའི་དོར་ཁུག་ནང་དུ་བཅུག་ནས།“སྣང་བ་སྐྱིད་པ་ལ། སྣང་བ་སྐྱིད་པ་ལ།”ཟེར་ཞོར་བུ་མོ་ཞིག་རིག་བྱུང་།ཅི་བྱ་གཏོལ་མེད་ངང་ངག་སྒོ་རུ་ཚངས་མགུར་འདི་ཐོན་ནས་བླངས།

རང་སེམས་སོང་བའི་མི་དེ།།གཏན་གྱི་འདུན་མར་བྱུང་ན།།རྒྱ་མཚོའི་གཏིང་ནས་ནོར་བུ།།ལོན་པ་དེ་དང་འདྲ་བྱུང་།།

འབབ་ཁོའི་སྐད་ངག་ནི་ར་མ་འབའ་བ་དང་མཚུངས་ཞེས་ཁྱིམ་མཚེས་སྡེ་བས་བཤད་པ་བདེན་ནམ། བུ་མོ་དེ་དགོད་ཞོར་དགོད་ཞོར་ཁོ་དང་རྒྱང་ཐག་ཇེ་རིང་དུ་ཆས་སོང་།

དོ་དགོང་འབབ་ཁོ་ཁྱིམ་དུ་ལོག་པ་འཕྱི་དྲགས་སོང་། ཅི་ཞིག་བྱུང་སོང་། སྤྲིན་པ་དཀར་པོ་འདི་དག་ཇེ་ནག་ལ་འགྱུར་བཞིན་ཡོད་དམ་མུན་རུབ་དུས་ནམ་མཁའ་དེ་བཞིན་མི་མཐོང་བར་འགྱུར་འགྲོ།


  • ལེ་ཚན་སྔོན་མ།:མཐོ་སྒང་གི་སྐར་མ་འོད་ཆེན་། སྒ་སྐྱེ་རྒུ་མདོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།