བདག་གི་ཕུགས་བསམ།

དགོན་པ་རྟ་མགྲིན་འཚོ།        2023-05-04

འཇིག་རྟེན་སྟེང་དུ་སྐྱེ་བོ་ནི་ནམ་མཁའི་རྒྱུ་སྐར་བཞིན་དུ་མང་པོ་མཆིས་ཏེ། དེ་དག་ལས་ལ་ལ་ནི་འགྲོ་བ་མིའི་རིགས་ཀྱི་བདེ་ཐང་སྐྱོང་མཁན་གྱི་སྨན་པ་བྱེད་འདོད། ལ་ལ་ནི་ཤེས་རིག་གི་ཡོན་ཏན་སྦྱིན་པའི་རླབས་ཆེན་གྱི་དགེ་རྒན་བྱེད་འདོད། ལ་ལ་ནི་རང་རེའི་མེས་རྒྱལ་སྲུང་མཁན་གྱི་རྒྱལ་སྲུང་དཔའ་བོ་བྱེད་འདོད།

འོན་ཀྱང་ཕུགས་བསམ་མེད་པའི་མི་ནི་སྟོན་མཇུག་གི་རྩྭ་སྐྱ་སྐམ་པོ་བཞིན་ཡིད་དུ་འོང་བའི་ལོ་འདབ་དང་། ཁུར་གྱིས་དུད་པའི་སྙེ་མ། ལྗང་མདོག་གི་གསོན་ཤུགས་སོགས་ཅི་ཡང་མེད་པར་སྟོན་རླུང་རྒོད་པོའི་ཤུགས་གླུ་རིང་མོ་ཞིག་དང་མཉམ་དུ་རང་ཉིད་ཀྱི་མི་ཚེ་ཟད་འགྲོ། དེ་བས་ང་རང་ལ་ཕུགས་བསམ་ཞིག་ཡོད། དེ་ནི་འཇིག་རྟེན་སྟེང་གི་མ་རིག་མུན་པ་སེལ་མཁན་གྱི་དགེ་རྒན་ཞིག་བྱེད་འདོད་པ་དེ་ཡིན།

དེ་གང་ཡིན་ཟེར་ན། དགེ་རྒན་མེད་ན་འཇིག་རྟེན་འདི་ནི་ཤེས་རབ་མེད་པའི་མུན་ནག་གི་ཞིང་ཁམས་ཤིག་ཡིན་པས། དགེ་རྒན་མེད་ན་ང་ཚོར་ཤེས་བྱ་མང་པོ་ཞིག་ཐོབ་མི་སྲིད། དགེ་རྒན་ནི་སློབ་མ་ཚོ་ཕ་མ་གཉིས་པ་ཡིན་ཞེས་པ་ལྟར། ཁོང་ཚོས་སློབ་བུ་རྣམས་རང་གི་བུ་ཕྲུག་ལྟར་གཅེས་ཏེ། བྱམས་སེམས་དང་བརྩེ་དུང་གིས་བསྐྱངས་པའི་སྙིང་སྟོབས་དེ་ལས་ང་རང་དགེ་རྒན་བྱེད་པའི་འདུན་པ་དེ་སྐྱེས་བྱུང་།

མ་གཞི་དགེ་རྒན་ཡང་ང་ཚོ་དང་འདྲ་བར་རིག་གནས་ཡོན་ཏན་སྦྱངས་མཐར་ད་གཟོད་དགེ་རྒན་གྱི་མཚན་འདི་ཐོབ་བྱུང་བ་རེད། དེ་བས་ང་ཚོས་ཀྱང་དགེ་རྒན་ལ་སློབ་སྦྱོང་བྱས་ནས་དགེ་རྒན་དང་འདྲ་བར་མ་རིག་གི་མུན་པ་སེལ་མཁན་ཞིག་ཏུ་འགྱུར་བའི་ཕུགས་བསམ་ཡོད། དགེ་རྒན་གྱི་ལས་ཀ་ནི་དཀའ་ངལ་ཆེ་བ་ཞིག་ཡིན་ཡང་། ང་ཚོས་དེ་ལ་འཛེམ་དོགས་བྱེད་མི་རུང་། ང་ཚོ་དཀའ་ཚེགས་ཆུང་ངུ་ཞིག་ལ་མགོ་སྒུར་ཚེ་རང་ཉིད་ཀྱི་ཕུགས་བསམ་དེ་མངོན་འགྱུར་བྱེད་མི་སྲིད། ང་ཚོས་དཀའ་ངལ་ཁྱད་དུ་བསད་ནས་ཕུགས་བསམ་གྱི་ཆེད་དུ་མདུན་བསྐྱོད་བྱ་དགོས། ང་ཚོས་རང་ཉིད་ཀྱི་ཕུགས་བསམ་འགྲུབ་པའི་ཆེད་དུ་སློབ་སྦྱོང་ལ་ཧུར་བརྩོན་བྱ་དགོས་ཏེ། ས་སྐྱ་ལེགས་བཤད་ལས། མི་ལ་བརྩོན་འགྲུས་ལྡན་གྱུར་ན།། འཇིག་རྟེན་འདི་ན་དཀའ་བ་མེད།། ཅེས་པ་ལྟར་ལྷོད་མེད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ནས། རང་ཉིད་ཀྱི་ཕུགས་བསམ་མངོན་གྱུར་ཡོང་བར་བརྩོན་ལེན་བྱ་དགོས།


  • ལེ་ཚན་སྔོན་མ།:གུས་པར་འོས་པའི་མི་ཞིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།