ལི་སྟོད་བྱམས་བརྩེ་སློབ་གྲྭ་ཕུར་པ་རྡོ་རྗེ། 2018-10-31
ལོ་གཅིག་འདས་ལ་ཉེ་བའི་སྐུལ་ལྕག་ཚ།།
ཉིན་ཞག་སུམ་བརྒྱ་བརྒལ་བས་ཅོང་སྐད་བཙན།།
མཆོག་གྱུར་རྩོམ་ལ་ཞེན་པའི་སློབ་བུ་ངས།།
མ་བཟོད་གྱེན་དུ་ལངས་ནས་གོམ་ཁ་སྤོས།།
ཟླ་མེད་ཁྲི་སྟེང་རིག་པའི་འབྱུང་གནས་མཁྱེན།།
ཆུ་ཤེལ་དཀྱིལ་འཁོར་ཉི་ཤུའི་སྨག་ལས་གྲོལ།།
ཟླ་རེའི་ཚགས་པར་མི་འགོར་ས་སྟེང་ཁྱབ།།
དེ་བས་རྩལ་ཆེན་ཨ་བུའི་གོམ་ཁ་མྱུར།།
དེབ་དཀར་ཐིག་ཕྲེང་སྨྱུག་རྩེའི་ཤེས་བྱས་ཁེངས།།
ཕྱོགས་ཀུན་རེ་བླངས་རིག་པའི་རྒྱུད་འཛིན་དཔལ།།
གཤིས་ཀ་འཇམ་ཞིང་གཞུང་རྒྱུད་དྲང་བ་དང་།།
མི་འགྱང་མྱུར་བའི་ཤེས་བྱའི་གོམ་ཁ་ལྡེམ།།
ཚགས་སུ་ཆུད་པའི་རྩོམ་ཐུང་གོང་ལ་འབུལ།།
དོན་ལ་མྱོང་བའི་ཚོར་རྟོགས་དེ་རུ་བཀོད།།
དཔེ་ཀློག་གྲོགས་པོ་ཡོངས་ལ་སྐུལ་བརྡ་སྟེ།།
ཕུ་བོ་རང་གི་དུས་ཀྱི་དྲན་རྟེན་ཡིན།།
ལས་སྐལ་བཟང་བོའི་རིན་ཆེན་མི་ལུས་ཐོབ།།
བསོད་ནམས་སྟོབས་པས་ཕ་མས་འགན་འཁྲི་གནང་།།
ཀུན་ལས་འཕགས་པའི་ཕ་སྐད་མ་ཡིག་གམ།།
ཐམས་ཅད་སྨོན་པའི་ཡང་དག་རང་སྲོལ་འཛིན།།
རྩོམ་དུ་ཆགས་པའི་དབྱངས་གསལ་དགེན་གྱིས་བསྟན།།
ཚིག་ཏུ་འབྱུང་བའི་སྙིང་བོ་བདག་ལ་སྤྲད།།
གནས་ལྔ་རིག་པའི་དཔལ་ལ་འབད་པ་འདི།།
ང་དང་ཁྱོད་ཀྱི་ལས་སུ་བབས་པའི་འགན།།
གོམ་ཁ་ཐོག་མ་རིག་པའི་གནས་ལ་བཅོལ།།
འབྲས་བུ་སྨིན་མིན་རྒྱུན་བསྲིངས་བརྩོན་པར་ལས།།
བརྩོན་དང་སློབ་གསོའི་བདེན་པའི་རིག་ལམ་ནས།།
མི་ཚེར་དོན་སྙིང་ཕྱུག་པའི་ཕུགས་བསམ་འཚོལ།།
ཁ་ནས་མི་རིགས་སྐད་ཡིག་རྒྱུད་འཛིན་གླེང་།།
ཁ་བཤད་ཚིག་ལས་དོན་དངོས་ལག་ལེན་དཀོན།།
བརྟན་དང་མི་འགྱུར་ཕ་མེས་སྲོལ་བཟང་འདི།།
དོན་གྱི་ལག་ལེན་ཁྲོད་ནས་སྐྱོང་བར་མཛོད།།
ལི་སྟོད་བྱམས་བརྩེ་སློབ་གྲྭ༧.༥༼ ཕུར་པ་རྡོ་རྗེ། ༽
རྩོམ་གསར། 10