སློབ་སྦྱོང་དང་བྲལ་བའི་སྤྱི་ཚོགས་ཀྱི་འཆར་ཡན།

        2018-10-31

སློབ་སྦྱོང་ནི་ང་ཚོ་ལྟ་བུའི་སློབ་བུ་ཞིག་ལ་ཆ་མཚོན་ན། ཆེས་ཆ་རྒྱུས་ཡོད་པའི་ལས་དབང་གི་ཁ་ཕྱོགས་ཤིག་རེད་ཅེས་བརྗོད་ཆོག་ལ། གསང་བ་ལྐོག་གྱུར་གྱི་སྤྱི་ཚོགས་རྣལ་མའི་སྒྲུང་རིང་བཞིན་ནམ་ཡང་འཛད་མཐའ་མེད་པ་ཞིག་ཀྱང་རེད། རེད་དེ་ང་ཚོས་ནམ་ཡང་རེ་སྙེག་གི་འདུན་མ་གསར་བ་ཞིག་སྙིང་ལ་རུམ་ནས་སྒྲུང་རིང་དེའི་ཆ་ལུགས་ལ་རྟོག་ཞིབ་བྱེད་པར་གོམས་ནས་ཡོད།

ཡིན་ནའང་སློབ་སྦྱོང་དང་བྲལ་བའི་ཁ་སང་གི་ནམ་ཟླ་དེ་གླེང་ན། ངའི་འཚོ་བ་ནི་བག་འཁུམ་དང་ལེ་ལོ་ཉམ་ཐག་གི་རྣམ་ཤེས་ཀྱིས་བརྒྱན་ཡོད་ལ། ངའི་མི་ཚེ་ནི་མུན་ནག་དང་འཁྲེང་སེམས། ད་དུང་སྒྱིད་ལུག་གིས་ལང་ཚོ་དཀྲིས་འདུག འདུ་འཛི་རྒོད་པའི་སྤྱི་ཚོགས་ཀྱི་གྲིབ་ཁུག་འདི་ནས་ང་ཚོས་ཐན་ཐུན་གྱི་དབྱངས་འགྲོས་སྙན་མོས་འཁྱར་འཁྱོར་གྱི་སྨྲེ་ངག་རེ་བཏོན་ན་ལམ་འགྲམ་གྱི་རྒད་པོ་ཁ་ཤས་ཀྱིས་རྒས་གཉེར་གྱིས་ཁེངས་པའི་ཞལ་རས་ལས་འཛུམ་ཆུང་ཞིག་ངོམས་ནས་སྲ་མཁྲེགས་ཀྱི་མགོ་བོ་ཐོང་གར་སྦྱར་ནས་གཡུག་ཙམ་བྱེད་ངེས། ང་ཚོས་ལྡེམ་མྱུར་གྱི་གར་སྟབས་ཡངས་མོས་ཉམས་ལྡན་གྱི་ཞབས་བྲོའི་སྒྱུ་རྩལ་ལ་རོལ་ནའང་སྟེགས་བུའི་སྟེང་གི་སྐུ་གྲགས་ཚོས། སྣུམ་ཁ་འབར་བའི་ཕྱག་ལག་ཡང་མོས་ཐལ་མོ་ལན་འགའ་བརྡེབས་པ་ལས་ཅི། ངོ་མ་བཤད་ན། ང་ཚོ་ནི་སྔར་བཞིན་ལང་ཚོའི་གཉོམ་ལག་རྒྱས་བཞིན་པའི་གསར་སྐྱེས་ཀྱི་སློབ་བུ་རང་འདོད་ཅན་དེ་ཚོ་ཡིན་ལ། མདུན་བཞུགས་ཀྱི་ལྟད་མོ་བ་དག་ནི་མཐོང་ཐོས་ཀྱི་རིག་པ་མཐོ་རིས་དགའ་ཚལ་ལས་ཡངས་ཤིང་ཆུ་སྲིན་གྲོང་ཁྱེར་ལས་ཟབ་པས་ང་ཚོའི་ལང་ཚོ་ནི་ཁོ་ཚོ་ལ་མཚོན་ན་ཅི་འདྲའི་རྒྱུན་ལྡན་གྱི་འཁྲབ་ཚན་ཞིག

དེ་བས་སློབ་སྦྱོང་དང་བྲལ་བའི་སྤྱི་ཚོགས་ཀྱི་དགའ་སྐྱོ་འདྲེས་མའི་ལས་དབང་ལ་ཕྱོགས་དང་། ད་གཟོད་ང་ཚོས་རང་ཉིད་ལ་སྔར་ལས་ལྷག་པའི་སྲ་བརྟན་གྱི་ཕུགས་འདུན་དང་རེ་སྙེག་གི་དམིགས་འབེན་ཁྱད་པར་བ་ཞིག་རྙེད་ངེས།

དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི༼ སྐལ་བཟང་རྡོ་རྗེ།༽


  • ལེ་ཚན་སྔོན་མ།:དུས་ཀྱི་དགའ་སྟོན།
  • ལེ་ཚན་རྗེས་མ།:ང་ཤི་དུས།