ཕ་གཞིས།

        2019-04-19


ཕ་གཞིས་ནི་ལུས་དབང་གི་བརྟན་པ་དང་ངུ་ངག་གི་དབྱངས་འགྱུར་སྦྲུམ་ས་ཡིན།ངེད་ཅག་གི་ཡིད་ཀྱི་དྲན་པ་གསོ་བའི་གསོས་སྨན་དང་།གྲང་བའི་དུས་ཀྱི་གནས་མལ་དྲོན་མོ་དེའང་ཡིན།

ངེད་ཅག་གི་ཕ་གཞིས་ནི་དབུས་གཙང་ཆོས་ཀྱི་ཆོལ་ཁའི་ལྷུན་ཆགས་དང་མདོ་སྟོད་མི་ཡི་བྱུང་བརྗོད།མདོ་སྨད་རྟ་ཡི་རྨིག་སྒྲས་བཅགས་པའི་མཐོ་རིས་ཤིག་ཏུའང་ངེས་ཤིང་།ཕ་གཞིས་ནི་ཁམས་གསུམ་ཡུལ་ཁོབ་ཀྱི་མཛེས་བརྗིད་དང་སྒང་པ་བོད་པའི་གནས་མལ་དྲོན་མོ་ཞིག་ཀྱང་ཡིན་སྲིད་ལ།ཡར་ཀླུང་ལྷོ་ཁའི་འཚོ་ཚིས།བྱང་ཐང་གི་བཞུར་རྒྱུན།ཡུམ་བུ་བླ་མཁར་ནས་རྩེ་པོ་ཏ་ལ།ཕ་གཞིས་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའི་ལྟེ་ཁྲག་འཕོ་ས་དང་མ་བྲག་སྲིན་མོའི་བྱམས་བརྩེ་ཡི་འཛུམ་གྲོལ་འཐོར་སའང་ཡིན་སྲིད་ལ།ཡབ་མེས་གོང་མ་དག་གི་ངོ་མཚར་གྱི་མཛད་འཕྲིན་འཐིམ་སའང་ཡིན།སྲིད་གསུམ་ས་ཡི་དཀྱིལ་འཁོར་ལ་རྨིག་ལྕགས་ཀྱིས་བསྒྱུར་བའི་སྐྱ་དམག་དང་མཁས་བཙུན་བཟང་གསུམ་གྱི་ཞབས་ཟུང་བསྒྱུར་སའི་དག་ཞིང་ཡིན།ཡབ་མེས་ཚོས་དཔའ་མཛངས་ཀྱིས་བསྐྲུན་པའི་ཕ་ས་མཐོན་པོ་དེ་ནི་ངེད་ཅག་གི་གནས་མལ་དང་འཚོ་ཞེན་གྱི་བདེ་སྨོན་བཅོལ་ས་ཡིན།ཡུམ་ཆེན་ཚོས་བྱམས་བརྩེ་དང་རྔུལ་ཁྲག་གིས་སྐྲུན་པའི་རྒྱབ་རི་སྨུག་པོ་ནི་ངེད་ཅག་གི་ཕ་ས་ཕ་ཡུལ་ཡིན།


དུས་ཀྱི་རིམ་འགྱུར་རྒོད་པའི་དུས་དེ་རིང་།ངེད་ཅག་གི་ཕ་གཞིས་ཏེ་སྲིན་མོ་གན་རྐྱལ་གྱི་མཐོང་སྣང་འཛུམ་པའི་དཔུང་བརྗིད་ནི་ཇོ་མོ་བླ་རིའི་རྟེན་འཕུར་དུ་གྱུར་ཏེ།འཛམ་གླིང་སྣེ་གསུམ་དུ་གྲགས་ཀྱང་།དེ་ནི་ས་གཤིས་ཀྱི་འགྱུར་ལྡོག་འབའ་ཞིག་ཏུ་ངེས་ལ།ཁ་འབབ་བཞི་ལས་ཆད་པའི་གངས་ཆབ་སྔོན་མོས་ཧི་མ་ལའི་རི་བསིལ་འགྲིམ་ནས་སྲིད་གསུམ་གླིང་དུ་གཡས་སྐོར་རྒྱག་དུས།ཕ་གཞིས་ནི་གཙང་ཆུའི་གྲམ་ངོགས་སུ་ལུས་པའི་བརྟན་རྡོ་ཇི་བཞིན་རང་ཚུགས་ངང་གཟི་སྤོབས་ཀྱིས་འགྱིང་འདུག རི་མཐོ་ས་གཙང་གི་མཐོ་རིས་ཏེ་ས་སྒང་རིལ་མོའི་སྒལ་གཞོང་དུ་གཟི་སྟོབས་ཀྱིས་འགྱིང་འདུག་པ་དེ་ནི་ངེད་ཅག་གི་བསྟི་གནས་ཡིན།ཕྱི་སྣོད་ཀྱི་ཆགས་རིམ་དང་ནང་བཅུད་ཀྱི་རྟེན་འབྲེལ་འཛོམས་ས་དེ་ངེད་ཅག་གི་ཕ་གཞིས་ཡིན།རྒྱུ་འབྲས་འཛོམས་སའི་གཡང་ར་གྲུ་བཞི་དེ་ནི་ངེད་ཅག་གི་ཕ་གཞིས་ཡིན།བྱམས་དང་སྙིང་རྗེ་ཟེར་བའི་སྙན་དབྱངས་སྦྲུམ་ས་དེ་ངེད་ཅག་གི་ཕ་གཞིས་ཡིན།

ཕ་གཞིས་ནི་ངེད་ཅག་གི་བྱིས་སྒྲུང་དང་མི་ཚེའི་བརྗོད་པ་འགོད་ས་དེའང་ཡིན་ལ།ཞོ་འཐུང་ཕྲུ་གུ་དེ་ཚོས་ཨ་མ་ཞེས་པའི་རླབས་ཆེའི་ཐ་སྙད་དེ་འཁྲོལ་སའང་ཡིན།སྙིང་སྟོབས་དང་སྤོ་སེམས་ཀྱིས་ཁྱར་ཁྱོར་གྱི་གོམ་པ་དང་པོ་སྤོ་ས་དེ་ཡིན།ཕ་གཞིས་ནི་སྒང་པ་བོད་པའི་སྒལ་ཚིགས་དྲང་བོར་དགྱེ་བྱེད་ཀྱི་སྲོག་རྟེན་དང་རུམ་བྲོ་རང་གིས་འཚོལ་སའི་དག་ཞིང་ཡིན།ཕ་གཞིས་ཀྱི་ཕང་བར་བཞེད་པའི་རིག་བཅུ་ནི་ངེད་ཅག་གི་མགོ་བོ་དགྱེ་བྱེད་ཀྱི་བློ་སྤོབས་དང་མིག་ཆུང་ལེབ་མོ་ཕྱེད་བྱེད་ཀྱི་སྙིང་སྟོབས་ཡིན།


འཛམ་གླིང་གཞི་གཅིག་ཏུ་འདྲེས་པའི་དུས་དེ་རིང་།ངེད་ཅག་གི་གཞིས་འཛིན་ཕང་བའི་གས་སྲུབས་སུ་འཐིམ་པའི་འཇིག་རྟེན་སྣོད་བཅུད་ཀྱི་གཏེར་སྣོད་འབད་ཅིག་སྦྲུམ་ཡོད་པའང་དེ་དུས་དེ་རིང་འཚུབ་མ་ཁེར་རྐྱང་གིས་སྡོང་མགོར་སྐོན་པའི་འགྱིག་ཁུག་ཅིག་དང་འདྲ་བར་རླུང་བུ་འཁྱམ་པོ་དང་དྲག་རླུང་གིས་བརྙས་བཅོས་མྱོང་གིན་འདུག བྱ་བྱེའུ་ཚོགས་ཀྱིས་གཞིས་སྡོད་ཕང་བར་གྱེས་ཕྱག་ཕུལ་བར་སྟ་གོན་བྱེད་ཀྱིན་འདུག གཙོད་ཁྱུད་རྨིག་ཐོགས་ཀྱིས་ཨ་ཆེན་གངས་རྒྱབ་ཀྱི་གྲང་བསིལ་དང་།བྱང་ཐང་གི་རླུང་བུ་བསྐྱུར་ཏེ་ཕྱོགས་བཞིར་འཐོར་གྱིན་འདུག ཤེའུ་ཡིས་རྨས་སྐྱོན་གྱི་རྨ་ཁ་བཟོ་བར་གཡོལ་གྱིན་འདུག

ངེད་ཅག་གི་ཕ་གཞིས་གཡང་འཛིན་ར་བ་ནི་སྟོད་ཀྱི་གངས་དཀར་ལྷུན་པོའི་གངས་ཆབ་དང་བར་གྱི་རྫ་ཆུ་བསིལ་མ།སྨད་ཀྱི་ནགས་ལུང་ཕྱུག་མོའི་གསེང་དང་ཡངས་པའི་རྩྭ་ཐང་དུ་ཀྱ་ཀྱུའི་འགྲོས་ཀྱིས་རྒྱུ་བའི་བདུད་རྩི་བསིལ་མ།དེ་དུས་དེ་རིང་བ་ཚྭ་ཅན་གྱི་འདམ་རྫོབ་དང་སྙིགས་ཆུའི་སློང་བའི་རྫིང་བུར་གྱུར་འདུག


ངེད་ཅག་གི་ཕ་གཞིས་ནི་རྒྱ་མཚོའི་གཟིངས་སུ་སྙེག་པའི་མཐོ་རིས་དང་ས་འཛིན་གྱི་གཏེར་སྒོ་ཡིན།འཚོ་བྱེད་ཕན་བདེ་སྐྲུན་སའི་གཟུང་ཐག་ཅིག་ཏུ་གནས།ཕ་གཞིས་ནི་ངེད་རང་ཚོའི་དགའ་སྐྱོ་ཆགས་སྡང་གི་འཚོ་བར་སྤྲོ་འཛུམ་གྱིས་དགའ་མགུ་བྱེད་ཡུལ་ཡིན།

ཕ་གཞིས་ནི་མ་འོངས་བསིལ་ལྡན་སྨན་ལྗོངས་ཕྱུག་མོ་བསྐྱར་དར་འབྱུང་ཡུལ་ཡིན།བཅུ་ཕྲག་རིག་གནས་ཀྱི་ངོ་མཚར་དང་ནང་རིག་བསྟན་པས་རིགས་དྲུག་ལ་གཟི་འོད་འཕྲོ་སའི་འོད་ཁྱིམ་ཡིན།ངེད་ཅག་གི་ཕ་གཞིས་ནི་ཉི་གྲོང་ལྷ་སའི་དད་སྟོབས་དང།འཛམ་གླིང་གེ་སར་སྒྲུང་རབས་ཀྱི་གཟི་བྱིན།བཅུ་ཕྲག་རིག་གནས་ཀྱི་གཟི་འོད།ཁ་བ་གངས་རིའི་ལོ་རྒྱུས་ཀྱི་བྱུང་བ།བཙན་པོའི་རྡོ་རིང་གི་འགྱིང་རྔམ་ཇི་བཞིན་ཡུན་ནས་ཡུན་དུ་གནས་ན་དགའ་བ་ལ།


ཁ་འབབ་བཞི་ནས་ཆད་པའི་གངས་ཆབ།རྨ་འབྲི་རྫ་གསུམ།མ་ཕམ་གཡུ་མཚོ།གནམ་མཚོ་ཕྱུག་མོ།བླ་མཚོ་ཁྲི་ཤོར་རྒྱལ་མོ།དྭངས་གསལ་ལྷད་མེད་ཀྱི་གཙང་ཆབ་ནི་ངེད་ཅག་གི་བདེ་འབྱུང་གཟི་སྟོབས་འབར་བའི་ངར་ཤུགས་ཡིན།ཇོ་མོ་བླ་རི།རྨ་རྒྱལ་སྦོམ་ར།ཁ་བ་དཀར་པོ།གནམ་འདེགས་གངས་རིའི་གཟེངས་སུ་ཁོབས་པའི་མཁའ་མཐའ།མུ་མེད་རྩྭ་ཐང་ནི་ངེད་ཅག་གི་སེམས་གཤོངས་ཡིན།

ཕ་ས་ཕ་ཡུལ་ནི་ངེད་རང་ཚོའི་ཡིད་སེམས་ཀྱི་དྲོད་ཁོལ་དང་གཟི་སྤོབས་ཡིན།བློ་སེམས་གཏད་སའི་འོད་ཁྱིམ་ཡིན། དགའ་སྡུག་གི་སྙིང་གཏམ་བཤད་ས་དང་།མཚར་སྡུག་གི་མི་ཚེས་ཞེན་ཆགས་ཀྱི་འཚོ་བར་བསུ་མ་བྱེད་ཡུལ་ཡིན།


ངེད་རང་ཚོ་ཕ་ས་དྲོན་མོའི་རུམ་ཁོངས་སུ་འགྲིམ་དུས།བྱམས་སེམས་དད་འདུན་ཅན་གྱི་རིགས་ཚོགས་ཀྱིས་གསེར་གྱི་འོད་ཁྱིམ་ལྟ་བའི་གཡང་རྭ་ཞིག་ཏུ་འཇུག་གིན་འདུག་ལ།དུས་དེ་ནས་བཟུང་སྟེ།འོད་ཁྱིམ་འདི་ནས་ང་ཚོས་འཚར་ལོངས་ཀྱི་ལོ་ཟླ་རྙེད་ཅིང།ལོ་ཟླ་ལས་འཚོ་བ་ཡི་བདེན་པ་རྙེད།གཡང་གི་ཕ་གཞིས་འདི་ནས་ང་རང་ཚོས་རིག་གཞུང་ཕ་མཐའ་མི་མངོན་པའི་བསྟན་བཅོས་རི་རབ་ཀྱི་ལྟོས་སུ་བསྙས་པའི་གླེགས་བམ་གྱི་གསེང་ནས་རིག་སྟོབས་ཀྱི་དཔལ་རྒྱས་སྲིད་ལ།ལུང་རྟོག་གི་ཟིལ་ཤུགས་འབར།

ཡབ་མེས་གོང་མ། དཔའ་མཛངས་རྟུལ་ཕོད་ཀྱིས་སུམ་ཉིས་ས་ཡི་དཀྱིལ་འཁོར་ཞབས་སུ་བསྒྱུར་ཞིང་།ལོ་རྒྱུས་ཀྱི་རྟོགས་བརྗོད་རིང་མོ་ཕ་ས་འདི་རུ་སྦྲུམ་ཡོད།

མཁས་བཙུན་བཟང་གསུམ། ལྟ་གྲུབ་གཞུང་ལུགས་ཀྱི་ཤེས་རིག་ནང་དུ་འདྲེན་ཡུལ་ཡིན།

གངས་ལྗོངས་མཁས་དབང་རིམ་བྱོན། མཁས་མཆོག་ཐུགས་བསྐྱེད་ཡངས་པའི་དམ་པའི་འཁྲུངས་གཞིས་ཡིན། གཙུག་ལག་སྨྲ་བའི་དེད་དཔོན། རིག་གཞུང་རམས་འབྱམས་སྨྲ་བའི་གཤོག་རྩལ་བརྐྱངས་ས་ཡིན།

ཕ་གཞིས་ནི་བསིལ་ལྡན་སྨན་ལྗོངས་ཕྱུག་མོའི་བསྐྱར་དར་འབྱུང་ཡུལ་དང་།བོད་མི་ཡོངས་ཀྱི་ཞབས་ཟུང་བརྟན་པོར་ཚུགས་ཡུལ་ཡིན།ངལ་དུབ་ཀྱི་འཚོ་བར་དགའ་མགུ་བྱེད་ཡུལ་ཡིན།


དུས་དེ་རིང་ནས་བཟུང་།གཞིས་བྱེས་མིས་སྡོད་པ།ཡུལ་གྱར་པ།ཆོལ་ཁ་གསུམ་གྱིས་ཡིད་སེམས་གཅིག་ཏུ་བསྒྲིལ་ཏེ། ཕ་མེས་ཀྱིས་སྤྲད་པའི་ཕ་ས་གསར་གྱི་གཞོང་བར་གཅེས།

དུས་དེ་རིང་ནས་བཟུང་།གནམ་སའི་འདྲེས་མཚམས་འདི་ནས།དགུང་སྔོན་པོ་ཐོད་ཀྱིས་བཀྱགས་ནས།ཐང་ཡངས་པོ་མིག་གིས་འཚོས་ནས། ཕ་མས་རང་ཅག་ལ་སྤྲད་པའི་མགོ་བོ་མཐོན་པོ་དེ་ཕ་ས་དྲོན་མོའི་ཕང་བ་ནས་སྤོབས་སེམས་ངང་དགྱེས་ཏེ་ཕྱི་ཕྱོགས་ཤེས་རིག་ནང་དུ་བསུ་བཞིན།གསར་གྱི་འོད་ཁྱིམ་འདི་ནས།ཞི་མཐུན་གཡང་གི་ཕ་གཞིས་འདི་ནས།སེམས་ཅན་ཡོངས་ལ་སྨོན་པའི་སྐྱབས་བཅོལ་དང་།འཚེ་མེད་ཞི་བདེའི་འབོད་དབྱངས་དགུང་ལ་གྱེར།

༼ རྡོ་རྗེ་དོན་གྲུབ། ༽


  • ལེ་ཚན་སྔོན་མ།:ང་ཤི་དུས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།