ཨ་ཕའི་ཚབ་ཏུ་སྡེ་གཞུང་གི་ལས་ཀར་སོང་བ།

ལྷ་མོ་འཚོ།        2023-05-04

བཟའ་མི་ཚོའི་བྱམས་བརྩེའི་ཉི་འོད་དང་དགའ་སྤྲོའི་དགོད་སྒྲའི་ཁྲོད་ནས་ཐེངས་འདིའི་དབྱར་གནང་ནི་དགའ་འགའ་སྤྲོ་སྤྲོའི་ངང་ནས་ཅི་ཡིན་འདི་ཡིན་མེད་པར་ཚར་སོང་། དྲན་པའི་གཞུ་མོ་ནང་ལ་བཀུག་ནས་ཕྱིར་འདང་ཞིག་བརྒྱབ་ན་འགའ་རེ་དྲན་ལ་འགའ་རེ་མི་དྲན་མོད། དེ་དག་ལས་ངའི་དྲན་འཛིན་གྱི་མེ་ལོང་ངོས་ན་གསལ་ལེར་སྣང་ཞིང་ཆེས་དོན་སྙིང་ལྡན་པ་ནི་ངས་ཨ་ཕའི་ཚབ་བྱས་ཏེ་སྡེ་གཞུང་གི་ལས་ཀར་ཞུགས་པ་དེ་ཡིན།

ནམ་རྒྱུན་ང་རང་སློབ་གྲྭ་ན་ཡོད་དུས་ཨ་ཕས་རང་ཁྱིམ་གྱི་ལས་ཀ་དང་སྡེ་གཞུང་གི་ལས་ཀ་ཚང་མ་ལས་དགོས་པས་ཁོས་དཀའ་ལས་ཆེན་པོ་མྱོང་བཞིན་ཡོད། སྤྱིར་ཐེངས་འདིའི་དབྱར་གནང་གི་སྐབས་སུ་ཕ་མའི་ཚབ་བྱས་ཏེ་སྡེ་གཞུང་གི་ལས་ཀར་ཞུགས་པའི་སློབ་མ་མང་མོད། ལ་ལ་མཚམས་རེར་ཡོང་ལ་མཚམས་རེར་མི་ཡོང་། ངས་དཀའ་བ་སྤོབས་པས་བཏེགས་ཏེ་སྡེ་གཞུང་གི་ལས་ཀ་མཇུག་བསྡུ་བའི་བར་དུ་རྒྱུན་འཁྱོངས་པས་ཕ་མས་ང་ཚོའི་ཆེད་དུ་དཀའ་ངལ་ཅི་ཙམ་མྱོང་བཞིན་པ་གཞི་ནས་རྟོགས་བྱུང་ལ། ཕ་མ་གཉིས་ཀྱིས་ང་ཚོའི་ཆེད་དུ་རང་གི་ཡོད་ཚད་དོར་ནས་དཀའ་ལས་མྱོང་བཞིན་པ་དེར་ཞིབ་ཏུ་བསམས་ན་ཅི་འདྲའི་སེམས་སྐྱོ་ཞིང་ཡིད་འགུལ་ཐེབས་པ་ཞིག་རེད་ཨང་།

ང་ཚོ་ནི་ཕ་མའི་གཟི་བརྗིད་དང་ཕ་ཡུལ་གྱི་འབྱུང་འགྱུར་བསུ་བའི་སྐྱ་རེངས། མི་རིགས་འདིའི་སང་ཉིན་གྱི་རེ་བའི་འོད་སྣང་ཡིན་པས། ངས་སྟོབས་ཤུགས་ཡོད་དགུ་རྩལ་དུ་སྤྲུགས་ནས་སློབ་སྦྱོང་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱས་ཏེ། མ་འོངས་པར་རང་གི་དྲིན་ཆེན་ཕ་མར་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་པའི་དམ་བཅའ་སྙིང་ལ་བཀོད་ཡོད་དོ། །


  • ལེ་ཚན་སྔོན་མ།:ཕ་གཞིས།
  • ལེ་ཚན་རྗེས་མ།:གུས་པར་འོས་པའི་ཕ་མ།