ཤ་མོས་བཟོས་པའི་ཟས་མཆོག།

སྒྲོལ་མ་སྐྱིད།        2023-05-04

དབྱར་གནང་གི་ཉིན་ཞིག་ལ་ང་དང་རྩེད་གྲོགས་འགའ་ཤ་མོ་འཐུ་རུ་སོང་།

རྒྱབ་རིའི་ངོས་ན་ཤ་མོ་ཡོད་ཅེས་སྡེ་བའི་ཨ་ཁུ་དང་ཨ་ནེ་ཚོའི་ངག་ནས་གོ་མྱོང་བས་སླེའུ་རེ་ཁུར་ནས་རི་འདབས་ནས་སོང་བ་ཡིན། རི་འདབས་དང་རི་སྐེད་དུ་ཤ་མོ་ནི་འཇིག་རྟེན་བྱེད་པོ་གཉིད་ཅོར་རྒྱག་ཞོར་དུ་འཆར་གཞི་མེད་པར་གང་སར་གཏོར་བ་དང་འདྲ་སྟེ། ལ་ལ་ཞིག་གྲོགས་མེད་ཁེར་རྐྱང་དུ་རྩྭ་ལྗང་གི་གསེབ་ཏུ་ཡིབ་འདུག་པ་དང་། ལ་ལ་ནི་སྐོར་དང་སྐོར་བྱས་ཏེ་ལབ་གླེང་བྱེད་བཞིན་འདུག། ཁ་ཤས་ནི་སྟར་ཕྲེང་བསྒྲིགས་ཏེ་དམག་ངོམ་བྱེད་པ་དང་ཡང་འདྲ།

ཤ་མོ་ཡི་ཚུགས་ཀ་དང་དབྱིབས་ནི་གདུགས་ཤིག་དང་འདྲ་ལ་ནང་དུ་ཤ་སྐྱི་གཅིག་ཐོག་གཉིས་བརྩེགས་སུ་ཆགས་ཡོད། གདུགས་ཀྱི་ཡུ་བ་ནས་འཛིན་མཁན་ནི་ས་བདག་རྒད་པོ་ཡིན་པ་གོར་མ་ཆག། སློབ་ཆུང་གི་སློབ་དེབ་ཏུ། ཀ་གཅིག་གིས་གུར་ཞིག་ཕུབ་འདྲ་བོ། བར་དམ་པའི་ལྷ་ཆོས་བརྩེགས་འདྲ་བོ་ཞེས་པའི་གབ་ཚིག་ཅིག་འདུག་པ་ཡིད་ལ་དབང་མེད་དུ་ཤར་བྱུང་། ཤ་མོ་ལའང་ནང་དམར་པོ་ཅན་དང་དཀར་པོ་ཅན། ནག་པོ་ཅན་བཅས་རིགས་མང་པོ་ཡོད་དེ། ནང་དཀར་པོ་ཅན་གྱི་ཤ་མོ་ལ་ཡུལ་སྐད་དུ་སྟག་ཤ་ཟེར་བ་དང་། ཕྱི་ནང་གཉིས་ཀ་ནག་པོ་ཅན་ལ་ཡུལ་སྐད་དུ་གླ་ཤ་ཟེར་ཞིང་རིན་གོང་ཧ་ཅང་མཐོ་བར་བཤད།

ཕྱི་དྲོར་ཤ་མོ་སླེའུ་རེ་ཁུར་ནས་ཡུལ་ལ་ལོག་པ་དང་། ཨ་ཕྱི་ལ་ཤ་མོ་བཟའ་འདོད་ཀྱི་རེ་བ་བཏོན་པ་ཡིན། ཨ་ཕྱི་ན་རེ། ཤ་མོ་ལ་བཟའ་སྟངས་སྣ་ཚོགས་ཡོད་དེ། བསྐམས་ནས་བཟའ་བ་དང་། སྔོ་ཚོད་དང་བསྡེབས་ནས་བཟའ་བ། ཡང་ན་ཤ་མོ་གསར་པའི་ནང་དུ་རྩམ་མར་སོགས་སྡེབ་ཁ་བསྲེས་ནས་བསྲེགས་ནས་བཟའ་བ་སོགས་སྣ་ཚོགས་ཡོད་ཟེར། ང་ཚོས་ཨ་ཕྱི་ལ་བསྲེགས་ནས་ཟ་འདོད་པའི་རྣམ་འགྱུར་བསྟན་པ་ན། ཨ་ཕྱི་ཡིས་ཤ་མོ་ཡི་ནང་དུ་རྩམ་པ་དང་མར། ཕྱེ་མ་ཀ་ར་སོགས་བླུགས་ནས་སྔོན་ཆད་བཟས་མ་མྱོང་བའི་ཟས་ཤིག་བཟོས།

ང་ཚོས་ཤ་མོ་ཡིས་བཟོས་པའི་ཟས་མཆོག་ལ་རོལ་བཞིན་རང་བྱུང་ཁམས་ལ་སེམས་གཏིང་ནས་བཀའ་དྲིན་ཞུས་ན་འདོད་དོ། །


  • ལེ་ཚན་སྔོན་མ།:གུས་པར་འོས་པའི་ཕ་མ།
  • ལེ་ཚན་རྗེས་མ།:གུས་པར་འོས་པའི་མི་ཞིག།