གུས་པར་འོས་པའི་མི་ཞིག།

འཕགས་དབུས་ཚེ་རིང་སྒྲོལ་མ།        2023-05-04

འཇིག་རྟེན་འདིའི་སྟེང་དུ་ང་ལ་ངོ་ཤེས་པའི་མི་མང་པོ་ཞིག་ཡོད་མོད། དེ་དག་གི་ཁྲོད་ན་ཁྱེད་ལ་ཤ་ཚ་བའི་མི་དང་བཀའ་དྲིན་ཆེ་བའི་མི་ཞིག་ཡོད་པ་ནི་སློབ་ཆུང་གི་དགེ་རྒན་ལགས་ཡིན། སློབ་ཆུང་མཐར་ཕྱིན་མ་ཐག་པའི་བུ་མོ་ང་ལ་མཚོན་ན། ཆེས་གུས་པར་འོས་པ་དང་རྗེས་སུ་ཡི་རང་བྱེད་ས་ནི་སློབ་ཆུང་ལོ་དྲུག་གི་སྐད་ཡིག་དགེ་རྒན་ནམ་འཛིན་བདག་སྟེ་རྒན་སྒྲོལ་མ་སྐྱིད་ལགས་ཡིན་ནོ། །

མོས་དགེ་རྒན་གཞན་པ་དག་དང་འདྲ་བར་རྒྱུན་པར་བོད་ལྭ་མི་གོན་རུང་། ང་ཚོ་ལ་ནམ་རྒྱུན་བོད་ཡིག་ཡག་པོ་སྦྱོང་དགོས་པ་དང་བོད་སྐད་གཙང་མ་བཤད་དགོས་པ། བོད་ཀྱི་མ་འོངས་པ་ང་ཚོ་ལ་རག་ལས་ཡོད་པའི་སློབ་གསོ་གང་མང་མང་བྱས་པ་ཡིན། གཞན་མོ་ནི་སློབ་མ་ལ་ཤ་ཚ་ཞིང་སློབ་སྦྱོང་ཐད་ལ་ཧ་ཅང་གཟབ་ནན་ཡིན་སྟབས། ང་ཚོའི་འཛིན་གྲྭའི་སྦྱངས་འབྲས་སོགས་ཐམས་ཅད་ནི་སློབ་སྐོར་གྱི་ཡང་རྩེ་ཡིན། དེའི་ཕྱིར་མོ་ལྟ་བུའི་དགེ་རྒན་ཞིག་ལ་འཕྲད་པ་ནི་ང་རང་གི་གཟི་བརྗིད་དང་བསོད་ནམས་ཆེན་པོ་ཞིག་ཡིན་པར་འདོད་ཡོད།

ལྷག་པར་ང་རང་གི་སྐད་ཡིག་གཙོ་བྱས་པའི་སྦྱངས་འབྲས་ཅུང་བཟང་པ་འདིའང་མདོར་ན་དགེ་རྒན་ཉི་མ་འདྲ་བོ་ཁོང་མོའི་བཀའ་དྲིན་ཡིན། ཁོང་མོའི་རྒྱབ་སྐྱོར་དང་རྒྱུན་འཁྱོངས་མེད་ཚེ་ང་ནི་གཤོག་ཡ་མེད་པའི་རྒོད་ཕྲུག་ཅིག་དང་འདྲ་ལ། ལྷག་པར་དེ་རིང་གི་རྩོམ་ཡིག་འདི་འདྲ་འབྲི་བའི་ནུས་པའང་ཡོད་ག་ལ་སྲིད། གལ་ཏེ་ཁོང་མོའི་སྣེ་ཁྲིད་ལེགས་པོ་དེ་མེད་ཚེ། ང་རང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཚུལ་ལྡན་ཞིག་ཏུ་འགྱུར་ག་ལ་སྲིད།

མདོར་ན། མོའི་དྲུང་ནས་ང་ལ་ཐོབ་པ་ནི་ཤེས་བྱ་ཁོ་ན་མིན་པར། མི་གཞི་གཙང་བའི་སློབ་མ་ཞིག་བྱེད་ཚུལ་དང་། སློབ་གྲོགས་གཞན་ལ་མེད་པའི་བཀོད་འདོམས་དང་རྩ་འཛུགས་ཀྱི་ནུས་པའང་སྐྱེད་སྲིང་ཐུབ་ཡོད། མོས་ད་དུང་ང་ལ་ཡུམ་ཆེན་ལྟ་བུའི་དྲོད་ཁོལ་དང་ཡབ་ཆེན་ལྟ་བུའི་གཟབ་ནན་གྱི་རེ་བ་བཏོན་མྱོང་།

དོ་དགོང་ཉལ་ཁྲིའི་སྒེའུ་ཁུང་ལས་དཀར་གསལ་ཟླ་བའི་དཀྱིལ་འཁོར་མཐོང་བའི་མོད་ལ་ཁྱེད་ཉིད་ཡིད་ལ་དྲན་ཞིང་། རྨི་ལམ་གྱི་ཞིང་དུ་ཁྱེད་དང་མཇལ་བར་སྨོན་ལམ་རྒྱག་བཞིན་ཡོད་དོ། །


  • ལེ་ཚན་སྔོན་མ།:ཤ་མོས་བཟོས་པའི་ཟས་མཆོག།
  • ལེ་ཚན་རྗེས་མ།:བདག་གི་ཕུགས་བསམ།