མཛངས་མ་མེ་ཏོག་སྐྱིད།

མཚོ་བྱུང་ལྷ་མོས་བྲིས།        2023-04-28

མཛངས་མ་མེ་ཏོག་སྐྱིད།

མེ་ཏོག་སྐྱིད། སྤྱི་ལོ༡༩༧༨ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆུའི་ཁུགས་སོ་དང་པོ་རུ་གཡང་གི་རུ་མ་ལྟར་ཆགས་པའི་རྨ་སྡེ་ཆུ་ཁ་མ་ནས་ལང་ཚོའི་མེ་ཏོག་བཞད། མོ་རང་ཆུང་དུས་ནས་ལས་ལ་བརྩོན་ཞིང་སྙིང་སྟོབས་ལྡན་ལ། བབ་ཆགས་ཤིང་ཀུན་སྤྱོད་ལེགས་པའི་འབྲོག་མོ་སྙིང་རྗེ་བོ་ཞིག་ཡིན། མོར་གཞན་ལས་ལྷག་པའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་ཡོད་པས་ཆུང་དུས་ནས་ཕྱུགས་རིགས་ཀྱི་རྨིག་རྗེས་སུ་རྫི་གླུ་སྙན་མོས་རི་ལུང་བཀང་ལ། རུ་སྡེའི་ལོ་སར་དང་སྟོན་མོ་སོགས་སྡེ་མི་ལྷན་འཛོམས་ཀྱི་སྐབས་སུ་དམངས་གླུ་སྙན་མོ་རེ་རེ་ཡིས་ལེགས་སྐྱེས་ཕུལ་བ་དང་། རིམ་བཞིན་མོའི་གླུ་སྐད་ཀྱིས་རི་ལུང་དང་གཙང་བོ་བརྒལ་ཏེ་རང་ལོ་བཅུ་གཉིས་སྟེང་རྨ་ཆུ་རྫོང་གླུ་གར་ཚོགས་པར་ཞུགས། མོའི་སྐད་ངག་སྙན་མོ་དེ་རྒྱ་ཆེའི་རོང་འབྲོང་མང་ཚོགས་ཀྱི་ཤ་གསེང་རུས་གསེང་དུ་དང་གོ་ལ་ཧྲིལ་པོའི་ཕྱི་ནང་གསུམ་དུ་འཐིམས་སོང་། དུས་དེ་ནས་བཟུང་། མོར“གླུ་མ”ཞེས་པའི་ཆོ་ལོ་དེ་བསྩལ་བས་བོད་ཁམས་སུ་གླུ་མ་མེ་ཏོག་སྐྱིད་ཅེས་སྙན་པའི་གྲགས་པ་ག་སར་ཁྱབ་སོང་། རིམ་བཞིན་མེ་ཏོག་སྐྱིད་ཀྱིས་འཇིག་རྟེན་འཁོར་བ་ཞིག་གི་སྒོ་གླེགས་དལ་གྱིས་ཕྱེས་ནས་གཡང་ཁྱིམ་དྲོན་པོ་ཞིག་ཡུན་གྱིས་བསྐྱངས་ཤིང་། མོ་ཡང་སྐྱེས་པ་ཞིག་སེམས་རྟེན་དང་བྱིས་པ་གཉིས་ཀྱི་ཨ་མར་གྱུར་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་གོ་རིམ་ཁྲོད་དུ་ནམ་རྒྱུན་རང་གི་ཁྱོ་ག་དང་སྒྱུག་པོ་སྒྱུག་མོ་ཞྭ་བཞིན་བཀུར་ལ། རང་གཅུན་ནན་མོས་བྱིས་པ་གཉིས་ཀར་མིག་དཔེ་བཟང་བོ་བསྟན།འོན་ཀྱང་མགོ་ནག་སྐྱིད་སྡུག་གནམ་གྱི་ལག། གོ་ཁ་དྲོན་པོ་རང་གི་ལག་ཟེར་བ་ལྟར། གློ་རྡེག་གི་རྐྱེན་ངན་ཞིག་ལས་མི་འདོད་ནད་ཀྱིས་གཙེས་རྗེས་རང་གི་ཁྱོ་ག་ཡི་མིག་དབང་ཉམས་པ་ནས་བཟུང་། མོས་སྔར་ལས་ལྷག་པའི་སྒོ་ནས་ཁྱིམ་ཚང་དང་བུ་རྒྱུད་ཀྱི་ཆེད་དུ་རང་གིས་རང་ལ་སྙིང་ཕུར་བརྡབས་ཏེ། འཚོ་བ་དང་ལས་དབང་ལ་སུན་སྣང་དང་འཁང་ར་མེད་ཅིང་བཟོད་སྒོམ་དང་བརྩེ་བ་ཡིས་གཞི་ཁྱིམ་གོར་མོ་འདི་རུ་དྲོད་ཁོལ་བསྐྱེད་ཅི་ཐུབ་བྱས་ཏེ། བོད་པའི་མཛངས་མ་ཞིག་གི་འགན་འཁྲི་ཕྲག་ཏུ་བླངས་ནས་རང་ཉིད་ཁྱིམ་མི་ཚོའི་ཁ་ཡི་ཟས་དང་རྒྱབ་ཀྱི་གོས་སུ་སྤྲུལ་ཅི་ནུས་བྱས་ཏེ། མི་ལོ་ཉི་ཤུ་ལྷག་གི་ལོ་ཟླ་རིང་མོ་ཞིག་ཕར་བསྐྱལ་བ་རེད།

མཛངས་མ་མེ་ཏོག་སྐྱིད།

མེ་ཏོག་སྐྱིད་ཀྱིས་ཆུང་མ་ཞིག་གི་ཐད་ནས་མིག་དབང་ཉམས་པའི་ཁྱོ་ག་སེམས་ཀྱིས་བསྐྱངས་ཚུལ།

༢༠༡༢ལོར། གླུ་མ་མེ་ཏོག་སྐྱིད་ཀྱི་ཁྱོ་ག་མི་འདོད་ནད་ཀྱིས་གཙེས་ཏེ་མིག་དབང་ཡོངས་སུ་ཉམས་ཤིང་། འཚོ་བ་རང་བདག་མི་ཐུབ་པར་གྱུར་པ་ནས་བཟུང་། མོས་རང་ཉིད་ཆེས་དགའ་བའི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ་འདི་བློས་བཏང་སྟེ། བློ་གཅིག་སེམས་གཅིག་གིས་ཁྱོ་གར་གཅེས་སྐྱོང་དང་ཁྱིམ་ཚང་གི་བདེ་སྡུག་གི་འགན་འཁྲི་ཡོད་ཚད་རང་གི་ཕྲག་ཏུ་ལེན་པའི་ཆོད་སེམས་བརྟན་པོ་བཅངས། ལས་དབང་དེས་རྐྱེན་གྱི་ཆེས་ཐོག་མར། ནམ་རྒྱུན་རང་ཉིད་འཛུམ་གྱིས་བསུ་ཞིང་དུང་བས་སྐྱོང་བའི་སྐྱེས་པ་དེའི་རང་གཤིས་ལ་འགྱུར་བ་མངོན་གསལ་བྱུང་སྟེ། གཤིས་ཀ་རྩུབ་ཅིང་ཁྲོ་སླ་བར་མ་ཟད། ལན་རེར་སྨན་བཅོས་དང་ལེན་མི་བྱེད་པ་དང་ཟ་མ་མི་བཟའ་བ་སོགས་རང་ཉིད་ཀྱིས་རང་ཉིད་ལ་མནར་གཅོད་གཏོང་བའི་སྤྱོད་ཚུལ་མངོན་བྱུང་བས། མེ་ཏོག་སྐྱིད་ཀྱི་སེམས་པའི་ན་ཟུག་དེ་བས་ཀྱང་བརྗོད་ཐབས་བྲལ་ལ། རང་སེམས་སུ་འཇིགས་སྐྲག་བསྐྱེད་པའང་ཐེངས་གཅིག་མིན། མོས་ཀྱང་གཉིད་བཅག་ཟས་བཅད་ཀྱིས་རང་ངོས་ནས་ཁྱོ་གར་སེམས་གསོ་དང་བྱམས་སྐྱོང་བྱས་ལ། དོན་དངོས་ཀྱི་འཚོ་བའི་འཁང་ར་དང་སྡུག་ཡུས་རྒྱང་དུ་དོར། ཁྱིམ་ཚང་གི་ཚ་སྒོག་གཡེར་གསུམ་དང་ཕྱེ་འབྲས་སྣུམ་གསུམ། བྱིས་པའི་མགོ་ལུས་རྐང་གསུམ་གྱི་གྱོན་པ། དེ་ལས་ཀྱང་སེམས་ཁུར་ཆེ་བ་ནི་བཟའ་ཟླ་ཡི་ལུས་པོ་བདེ་ཐང་དང་བྱིས་པའི་སློབ་གསོ་སོགས་འབད་མི་ཚར་བའི་འཁོར་བ་དང་། འགྲུབ་རྒྱུ་མེད་པའི་དམིགས་འབེན་མང་པོ་མང་པོ་ཞིག་གིས་དེད་ཡོང་དུས་སུ། མོར་གླེང་མི་འདོད་པའི་སེམས་ཁམས་ཀྱང་མང་པོ་ཡོད་སྲིད། ཁྱིམ་ཚང་གི་ལས་འགན་འདི་ཡང་དུས་ཚོད་ཐུང་ཐུང་གི་འགྲུལ་བཞུད་ཅིག་མིན་པར་མི་ཚེ་ལ་རྫོགས་ཚིག་འགོད་པའི་བར་ཡིན། འདི་ལྟར་གླུ་མ་མེ་ཏོག་སྐྱིད་ཀྱི་ཏག་ཏག་ལོ་ངོ་ཉི་ཤུའི་རིང་ལ། མིག་མདུན་གྱི་འཚོ་བ་སྔར་བཞིན་འཛུམ་གྱིས་བསུ་ཅི་ཐུབ་དང་གློར་བྱུང་གི་ལས་དབང་གི་གནམ་ཡིག་དེ་ལག་དུ་བཟུང་ནས། རིམ་བཞིན་ཀན་སུའུ་དང་མཚོ་སྔོན། སི་ཁྲོན། ཧྲན་ཞི་བཅས་ཞིང་ཆེན་ཕྱི་ནང་གི་ཀྲུང་ནུབ་སྨན་ཁང་ཆེ་མ་ཆུང་གསུམ་དུ་འགྲིམ་ནས་ཁྱོ་གར་སྨན་བཅོས་བྱེད་པར་ཁྱིམ་ཚང་གི་རྒྱུ་ནོར་ཡོད་ཚད་ཕུལ་ཡང་གྲུབ་འབྲས་ཅི་ཡང་མ་ཐོབ། མོས་མིག་ཆུ་འདོན་བཞིན། ངས་ཉིན་རེ་ལས་ཉིན་རེར་རང་གི་ཁྱོ་ག་སྙིང་རྗེ་བསམ་བྱུང་། ཁོའི་འཇིག་རྟེན་ལ་དཀར་ནག་གི་ཁ་དོག་མེད། དངོས་པོ་ཡོད་ཚད་ཀྱི་ཡག་བཙོག་མི་མཐོང་། འདི་སྙིང་རྗེ། འདིས་ཅི་བྱ་ཨང་། ཡིན་ཡང་། མོས་སྔར་བཞིན་གཤིས་འཇམ་ངང་རིང་བ། ཞིབ་ཚགས་ལྡན་པའི་རྣམ་འགྱུར་དང་། རྟག་བརྟན་འགྱུར་མེད་ཀྱི་བརྩེ་བ་ཟབ་མོས་ཁྱོ་གར་སེམས་འགུལ་ཚད་མེད་ཐེབས་པས་རིམ་བཞིན་ཁོའི་སེམས་ཁམས་ལའང་འགྱུར་བ་དགའ་བོ་བྱུང་སྟེ། ཆུང་མ་དང་བུ་ཕྲུག་གི་ཆེད་དུ་རང་ཉིད་ཅིས་ཀྱང་འདི་ལྟར་གསོན་པའི་སྙིང་སྟོབས་ཀྱི་མེ་ཁ་ཤིག་བསྐྱར་དུ་གསོས།

མཛངས་མ་མེ་ཏོག་སྐྱིད།

མེ་ཏོག་སྐྱིད་ཀྱིས་མནའ་མ་ཞིག་གི་ལས་དབང་ལས་ཉལ་སར་ལྷུང་བའི་སྒྱུག་མོ་ངག་གིས་གསོས་ཚུལ།

གླུ་མ་མེ་ཏོག་སྐྱིད་ཀྱི་མགོར་ཆག་སྒོ་གཅིག་ཐོག་ཉིས་བརྩེགས་བྱུང་། ཡུན་རིང་མ་སོང་བར་རང་གི་སྒྱུག་པོ་ཚེ་ལས་འདས་པ་དང་། སྒྱུག་མོ་ལོ་ན་མཐོ་ཞིང་། མཆིན་ནད་དང་གློ་ནད། གཅིན་པ་མངར་འགྱུར་གྱི་ནད་སོགས་ཀྱི་ཟིན་ཡོད་པ་ཤེས་རྗེས། རང་ཉིད་ཁྱོ་གའི་ཚབ་ཏུ་ལངས་ནས་ནད་ཀྱིས་མནར་བའི་སྒྱུག་མོར་སྲི་ཞུ་བསྒྲུབ་པའི་འགན་འཁྲི་ཕྲག་ཏུ་ལེན་པའི་སེམས་ཐག་བཅད། ༢༠༡༨ལོར། སྒྱུག་མོའི་ནད་གཞི་ཇེ་ལྕིར་གྱུར་ནས་འཚོ་བ་རང་མགོ་མི་ཐོན་པར་གྱུར་བས། སྒྱུག་མོའི་མགོ་དང་རྐང་ལག་བཀྲུ་རྒྱུ་དང་། ཁ་འཐུང་དང་སྨན་ལྡུད་རྒྱུ་སོགས་ནི་མེ་ཏོག་སྐྱིད་ཀྱི་རྒྱུན་ལྡན་གྱི་ལས་ཀར་གྱུར་ཅིང་། ལས་ཀ་འདི་ལས་ཀ་རུ་མ་བརྩིས་པར་རང་གི་སྒྱུག་མོར་བཟུང་བའི་བརྩེ་བ་དང་ལྷག་བསམ་ཞིག་ཏུ་བསམ་བཞིན། ནད་ཀྱིས་ཉལ་སར་ལྷུང་བའི་སྒྱུག་མོར་ཁ་འཇམ་ཚིག་འཇམ་གྱིས་བདག་སྐྱོང་བྱས་ཤིང་། མིག་མདུན་དུ་ལྷགས་པའི་འཚོ་བ་དང་དཀའ་ཁག་གི་སྡུག་ཡུས་དེ་ཅི་འདྲ་ཆེ་ཡང་ནམ་རྒྱུན་རྒན་པ་དང་ནད་པ་འཛུམ་གྱིས་བསུ་བ་ལས་རང་ཉིད་ཀྱི་སེམས་ཁམས་ངོ་མ་དེ་ཁོང་དུ་བཅུག་སྟེ། ཁྱིམ་མི་ཚང་མར་ཀུ་རེ་ཁ་མཚར་བཤད་བཞིན་གཡང་ཁྱིམ་འདི་དྲོད་ཀྱིས་བསྐྱངས་པས། སྒྱུག་མོས་ཀྱང་ང་ལ་མནའ་མ་འདི་ལྟ་བུ་ཞིག་ཡོད་པ་ནི་རང་གི་བསོད་ནམས་རེད་ཟེར།

མཛངས་མ་མེ་ཏོག་སྐྱིད།

མེ་ཏོག་སྐྱིད་ཀྱིས་རླབས་ཆེན་གྱི་ཨ་མ་ཞིག་གི་ངོས་ནས་བྱིས་པའི་སློབ་གསོ་མིག་གིས་འཚོས་ཚུལ།

གླུ་མ་མེ་ཏོག་སྐྱིད་ལ་བུ་གཅིག་དང་བུ་མོ་གཅིག་ཡོད་ལ། བུ་བློ་བཟང་བསྟན་འཛིན་ད་ལོ་ལོ་བཅུ་དགུ་ཡིན་ཞིང་། ལན་ཀྲུའུ་ཕྱི་སྐད་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་ཡོད། བུ་མོ་ད་ལོ་ལོ་བཅུ་གསུམ་ཡིན་ལ། ད་ལྟ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་བཞིན་ཡོད། མོས་རྒྱུན་པར་བཤད་རྒྱུར།

ང་ལ་དཀའ་ངལ་ཅི་འདྲ་ཆེ་རུང་། བྱིས་པར་སློབ་གསོ་གཏང་རྒྱུར་ལྷོད་གཡེང་གཏན་ནས་བྱས་མ་མྱོང་། ཁྱོ་ག་དང་སྒྱུག་མོ་ལ་གཉོར་སྐྱོང་གི་ཞོར་དུ་ཉིན་རྒྱུན་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ། བྱིས་པའི་སློབ་སྦྱོང་ལ་ལྟ་རྟོག་ནན་མོ་བྱས་པས་བྱིས་པ་གཉིས་ཀྱི་སྦྱངས་འབྲས་ཀྱང་ཤིན་ཏུ་བཟང་།

ལྷག་པར་དུ་རང་གི་རང་དཔེ་གཞན་སྟོན་དང་རང་གཅུན་ནན་མོའི་མིག་དཔེ་བཟང་བོ་དེ་ཡིས་བྱིས་པ་གཉིས་ལ་ཡང་རྒན་བཀུར་ཆུང་བྱམས་དང་ཡ་རབས་ཚུལ་ལྡན་གྱི་གཤིས་རྒྱུད་བཟང་བོ་ཞིག་གསོ་སྐྱོང་བྱས་འདུག། རང་ཉིད་ཉམ་ཆུང་བུད་མེད་ཅིག་གི་ལས་དབང་ཡིན་ཡང་། རང་ཁྱིམ་རང་བདག་གིས་རང་ཉིད་ལ་དབང་བའི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་རོལ་བཞིན་ཡོད། བཟའ་ཟླ་དང་བུ་རྒྱུད། གཉེན་ཉེ་ནི་ང་ཡི་ཡོད་ཚད་ཡིན་ལ། ཁོ་ཚོ་ཡོད་པས་ང་ལ་སྙིང་སྟོབས་དང་གསོན་ཤུགས་ལྡན།

གླུ་མ་མེ་ཏོག་སྐྱིད་ནི་མཐོ་སྒང་དུ་དུས་བཞིའི་ཆར་རླུང་གིས་ཇི་ལྟར་གཙེས་ཀྱང་ལང་ཚོར་དར་རྒུད་མེད་པའི་སྐལ་བཟང་མེ་ཏོག་རྐང་གཅིག་ཏུ་ངོས་བཟུང་ཆོག་ལ། འཚོ་བའི་སྡུག་རྩུབ་ཀྱི་གཉའ་གནོན་ལ་མགོ་བོ་མི་སྒུར་བར་ལྷག་བསམ་དང་སྙིང་སྟོབས། ཤེས་རབ་ཀྱི་རལ་གྲི་ལག་ཏུ་ཐོགས་པའི་དཔའ་མོ་ངར་མ་དེ་ཡིན། མོས་ཁྱིམ་ཚང་འདིར་རེ་བ་དང་སྤྲོ་སྐྱིད་ཀྱི་དངོས་གྲུབ་སྩོལ་ངེས། མོ་ནི་ཁྱོ་གའི་སེམས་ཀྱི་རྒྱབ་རི་དང་འཚོ་བའི་ལག་རྟེན་ཡིན་པར་མ་ཟད། སྒྱུག་མོའི་ལུས་སེམས་བཅར་ས་དང་། བྱིས་པ་གཉིས་ཀྱི་རེ་བའི་མིག་ལྟོས་སུ་གྱུར་འདུག།

༡༩༨༩ལོར། གླུ་མ་མེ་ཏོག་སྐྱིད་ཆེས་ཐོག་མར་རྨ་ཆུ་རྫོང་མི་རིགས་གླུ་གར་ཚོགས་པར་ཞུགས་པ་ནས་ད་ལྟའི་བར་དུ་རྒྱལ་ཁབ་ཕྱི་ནང་གི་དམངས་གླུ་སྒྱུ་རྩལ་གྱི་གར་སྟེགས་བགྲང་ལས་འདས་པ་བརྒྱུད་ཅིང་། ༢༠༠༤ལོར་ཀན་སུའུ་ཞིང་ཆེན་གྱི་མི་རིགས་དམངས་ཁྲོད་སྒྱུ་རྩལ་དམངས་གླུ་འགྲན་སྡུར་སྐབས་དང་པོའི་སྟེང་བྱ་དགའ་ཕུལ་བྱུང་ཐོབ་ཅིང་། ༢༠༠༦ལོར་ཞིང་ཆེན་ཡོངས་ཀྱི་དམངས་ཁྲོད་གླུ་དབྱངས་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། ༢༠༡༩ལོར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་རྟགས་མའི་འགྲན་སྡུར་སྟེང་མིང་གྲགས་ཅན་གྱི་གླུ་མའི་མཚན་སྙན་ཐོབ། ད་ལྟ་མོར་ཀན་ལྷོ་ཁུལ་གྱི་ཁུལ་རིམ་པའི་བོད་ཀྱི་དམངས་གླུའི་ཚབ་མཚོན་རང་བཞིན་གྱི་བརྒྱུད་འཛིན་པར་བདམས་ཡོད། གླུ་མ་མེ་ཏོག་སྐྱིད་ཀྱི་རྒན་བཀུར་ཆུང་བྱམས་ཀྱི་སྤྱོད་བཟང་དེ་ཡིས་མི་དམངས་ཁྲི་སྟོང་གི་ཡ་ཁོག་ཤུགས་ཀྱིས་སྒུལ་བར་མ་ཟད། མོ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སུ་བཞད་པའི་མཛངས་མ་ཞེས་པའི་མར་མེ་ཚེ་འབར་དེ་དང་སྐྱེ་འགྲོ་ཀུན་ཀྱི་ཕྱོགས་སྟོན་འཁོར་ལོ་རུ་ངོས་བཟུང་ཆོག། མོའི་གླུ་སྐད་དང་མི་གཤིས་ཀྱིས་མི་རིགས་རིག་གནས་ཀྱི་བང་མཛོད་དུ་བླ་མེད་ཀྱི་རྡོ་རིང་ཞིག་བཞེངས་སོང་ངོ་།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:མི་ཚེ་གླིང་སྒྲུང་དང་འགྲོག་བཞིན་པའི་ཞིབ་འཇུག་པ་ཞིག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།